ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ རྫོང་ཁག་ཚོགས་འདུ་ནང་ ས་ཁྲལ་བཏབ་ནིའི་ ལམ་ལུགས་སྐོར་ གྲོས་བསྡུར་འབད་བའི་བསྒང་།

གསར་སྤང་རྫོང་ཁག་ནང་ ཡོངས་འབྲེལ་ཐོག་ལས་ ས་ཁྲལ་བསྡུ་ནི་ལུ་དཀའ་ངལ།

༉ མི་སེར་མང་ཤོས་ཅིག་གིས་ར་ ཡོངས་འབྲེལ་ཐོག་ ས་ཁྲལ་བཏབ་ནིའི་ རིམ་ལུགས་ལག་ལེན་འཐབ་མི་ཤེས་དོ་ཡོདཔ་ལས་ ས་གནས་གཞུང་གི་ འགོ་དཔོན་ཚུ་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།

དེ་ཡང་ རྫོང་ཁག་ཚོགས་འདུའི་སྐབས་ལུ་ གསར་སྤང་རྫོང་ཁག་གིས་ ས་ཁྲལ་ཚུ་ ཧེ་མ་བཟུམ་སྦེ་ར་ དངུལ་རྐྱང་ཐོག་ བསྡུ་ལེན་འབད་དགོཔ་འདུག་ཟེར་ཞུ་ནུག།

རྒཔོ་ཚུ་གིས་འབད་བ་ཅིན་ ཡོངས་འབྲེལ་ལམ་ལུགས་དེ་ནང་ རྒེད་འོག་ཚུ་གིས་ རྒེད་འོག་ནང་ལས་ ཁྲལ་ག་གིས་ བཏབ་ཅི་ག་ཡང་ ཤེས་མི་ཚུགས་པས་ཟེར་ཨིན་པས།

དེ་གིས་མ་དོ་བར་ ཁྲལ་བསྡུ་ལེན་འབད་མི་ཚུ་ རྒེད་འོག་གི་ རྩིས་ཁྲ་ནང་ ལོག་བཙུགས་དགོཔ་ལས་ རྩིས་ཞིབ་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ བྱུངམ་མས་ཟེར་ རྒཔོ་ཚུ་གིས་ བཤདཔ་ཨིན་པས།

དེ་ལས་ ས་ཁྲལ་བསྡུ་མི་ཚུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་སྦེ་ རྒེད་འོག་གི་ སི་ཌི་རྩིས་ཁྲ་ནང་ ལོག་བཙུགས་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ སྤྱི་འོག་ཚོགས་པ་ཚུ་ལས་ ཉོགས་མེད་ལེན་ཐོག་ལས་ ས་ཁྲལ་ཚུ་ ཐད་ཀར་དུ་ རྒེད་འོག་གིས་ བསྡུ་ལེན་འབདཝ་ཨིན་པས།

མི་ཚུ་གིས་ བཟའ་སྤྱོད་མ་འབད་བའི་ ས་ཆ་ཚུ་ནང་ ཤིང་དང་རྩྭ་ཚུ་ སྐྱེས་བཅུག་སྟེ་ ཉེ་འདབས་ཀྱི་ ལོ་ཐོག་ཚུ་ལུ་ རིག་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ དེ་བཟུམ་མའི་ གནོད་ཉེན་མེདཔ་སྦེ་ བཞག་ཐབས་ལུ་ ཉོགས་མེད་ལེན་དགོཔ་ཨིན་པས།

གལ་སྲིད་ སའི་ཇོ་བདག་ཚུ་གིས་ རང་སོའི་ས་ཆ་ཚུ་ མ་བསལ་བར་ ཚལ་མ་སྦེ་ བཞག་ཡོད་པ་ཅིན་ ཉོགས་མེད་ཡི་གུ་ སྤྲོད་ནི་མེདཔ་མ་ཚད་ ས་ཁྲལ་ཡང་ བསྡུ་ལེན་འབད་ནི་མེད་ཟེར་ཨིན་པས།

དགེ་ལེགས་ཕུག་རྒཔོ་ ཨོ་རྒྱན་དབང་ཕྱུག་གིས་ སླབ་མིའི་ནང་ ས་ཁྲལ་ཚུ་ ཡོངས་འབྲེལ་ཐོག་ལས་ རྒེད་འོག་ལུ་ ག་དེ་སྦེ་ བསྐྱལ་དོ་ཡོདཔ་ཨིན་ནའི་ དྭངས་གསལ་མེད་པའི་ཁར་ ག་གིས་བཏབ་ཡོདཔ་ཨིན་ནའི་ ཁ་གསལ་ཡང་མིན་འདུག་ཟེར་ཨིན་པས།

རྒེ་འོག་གིས་ ལོ་བསྟར་བཞིན་དུ་ ས་ཁྲལ་གྱི་སྙན་ཞུ་ འབྲི་དགོཔ་ལས་ དེ་བཟུམ་མའི་ བརྡ་དོན་དང་ ཁ་གསལ་ཚུ་ མེད་མི་ལུ་བརྟེན་ ལཱ་ཁག་རྐྱབ་མས་ཟེར་ རྒཔོ་ཨོ་རྒྱན་དབང་ཕྱུག་གིས་ བཤདཔ་ཨིན་པས།

གཡུས་ཁར་སྡོད་མི་ མང་ཤོས་ཅིག་ལུ་ འབྲི་ལྷག་གི་ ཤེས་ཡོན་མེདཔ་ལས་ ཁོང་གིས་ ཁྲལ་བཏབ་ནིའི་དོན་ལུ་ འབྲུག་ཡོངས་འབྲེལ་ཐོག་ ས་ཁྲལ་བཏབ་ནིའི་རིམ་ལུགས་ ལག་ལེན་ག་དེ་སྦེ་ འཐབ་ནི་ཨིན་ན་ རྒེད་འོག་ནང་ དྲི་བ་འོངམ་མས་ཟེར་ བཤདཔ་ཨིན་པས།

གནད་དོན་དེ་ལུ་བརྟེན་ རི་དྭགས་སེམས་ཅན་གྱི་ གནོད་སྐྱོན་ཚུ་ཡང་ ཆེ་སུ་སྦེ་ ཐོན་དོ་ཡོདཔ་མ་ཚད་ མི་སེར་ཚུ་ སེམས་ཤི་སྟེ་ ལོ་ཐོག་ཚུ་ཡང་ དུས་ཚོད་ཁར་ མི་བསྡུ་བས་ཟེར་ཨིན་པས།

རྒྱལ་ཡོངས་ས་ཆ་ལྷན་ཙོགས་ཀྱིས་ འབྲུག་ཡོངས་འབྲེལ་ས་ཁྲལ་བཏབ་ནིའི་ རིམ་ལུགས་དེ་ སྤྱི་ལོ་༢༠༡༩ ཟླ་དང་པའི་ནང་ ས་ཁྲལ་བསྡུ་ནིའི་ལམ་ལུགས་ ལེགས་ལྡན་བཟོ་ནི་དང་ བདག་སྐྱོང་ དེ་ལས་ ས་ཁྲལ་འཛིན་སྐྱོང་ འགོ་བཙུགས་ཡོདཔ་ཨིན་པས།

ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལྷན་ཚོགས་ཀྱིས་ ལམ་ལུགས་དེ་གི་དོན་ལུ་ སྦྱོང་བརྡར་ཚུ་ བྱིན་པའི་བསྒང་ལས་ ལམ་ལུགས་ལག་ལེན་འཐབ་ནིའི་ འོས་འབབ་མེད་པའི་ཁར་ ལྷག་པར་དུ་ ས་ཆ་བཟའ་སྤྱོད་མ་འབད་བར་ལུས་ནིའི་ ཉེན་ཁ་ཡོད་པའི་སྐོར་ལས་ཡང་ སླབ་ཅི་ཟེར་ཨིན་པས།

ཤོམ་སྤང་ཁ་རྒེད་འོག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ ཁྲལ་ཐད་ཀར་དུ་ རྒེད་འོག་ལུ་ སྤྲོད་ནི་གི་ གདམ་ཁ་ཡང་ བྱིན་དགོཔ་འདུག་ཟེར་ཨིན་པས།

བསམ་གཏན་གླིང་ མཁན་པ་གའུན་ལས་ རམ་བྷ་དུར་མོང་གར་གྱིས་ སླབ་མིའི་ནང་ ས་ཁྲལ་ཚུ་ དངུལ་རྐྱང་སྦེ་ སྤྲོད་ནི་དེ་ འཇམ་ནི་མས་ཟེར་ཨིནམ་ད་ ད་རེས་ཀྱི་ ལས་ལུགས་ནང་ ས་ཁྲལ་བཏབ་པར་ རྒེད་འོག་ཡིག་ཚང་ཚུན་ འགྱོ་མ་དགོ་པའི་ ཁེ་ཕན་ཡོད་རུང་ ཡོངས་འབྲེལ་རིམ་ལུགས་དེ་ ལག་ལེན་འཐབ་མི་ཤེས་པས་ཟེར་ བཤདཔ་ཨིན་པས།

རྫོང་ཁག་ས་ཁྲམ་འགོ་དཔོན་ དབང་འདུས་ཀྱིས་ རྒེད་འོག་ཚུ་ནང་ ས་ཁྲལ་དང་འབྲེལ་བའི་ རྩིས་ཞིབ་ཀྱི་དཀའ་ངལ་ཐོན་ཐོནམ་མེད་ཟེར་ བཤད་པའི་ཁར་ ས་ཁྲལ་བཏབ་ནིའི་ ལམ་ལུགས་དེ་ ལག་ལེན་འཐབ་ནི་ལུ་ འཇམ་ཏོང་ཏོ་ཡོད་ཟེར་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ ས་ཁྲལ་དངུལ་ཀྲམ་༦ བཏབ་ནིའི་དོན་ལུ་ ལ་ལོ་ཅིག་ ཟད་འགྲོ་དངུལ་ཀྲམ་སྟོང་ཕྲག་སྦེ་བཏང་སྟེ་ རྒེད་འོག་ནང་ འོང་དགོཔ་ལས་ ཡོངས་འབྲེལ་ལམ་ལུགས་དེ་ ཕན་ཐོགས་སྦོམ་ཡོད་ཟེར་ ས་ཁྲམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།

ལམ་ལུགས་དེ་ འགོ་མ་བཙུགས་པའི་ཧེ་མར་ ལྷན་ཚོགས་ཀྱིས་ གསར་སྤང་གི་རྒཔོ་དང་ རྒེད་འོག་བདག་སྐྱོང་འགོ་དཔོན་ དམངས་མི་ དེ་ལས་ རྒེད་དྲུང་ཚུ་འབདཝ་ད་ མི་གྲངས་༢༠ ལུ་ སྦྱོང་བརྡར་བྱིན་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *