བཙག་འཐུ་གྲུབ་མི་ ཨ་ནཱནཌ་རའི་(སྦུག་ལུ་)

གསར་སྤང་རྫོང་ཁག་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ བཙག་འཐུ་འབད་ཡོདཔ།

༉ དགའ་སྐྱིད་གླིང་རྒེད་འོག་ལས་ ཨ་ནཱནཌ་རའི་གིས་ ཚོགས་རྒྱན་ཡོངས་བསྡོམས་ལས་ བརྒྱ་ཆ་༢༤.༤༡ ཐོབ་སྟེ་ གསར་སྤང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།

ཨ་ནཱནཌ་རའི་ལུ་ ཚོགས་རྒྱན་བསྡོམས་༤,༢༧༨ བཙུགས་ཡོད་མི་ལས་ ཚོགས་རྒྱན་༣,༥༣༤ དེ་ རྫོང་ཁག་གི་ ས་ཁོངས་ཚུ་ནང་ཡོད་མི་ ཚོགས་རྒྱན་ས་ཁོངས་༤༥ ནང་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ བཙུགས་ཡོདཔ་ཨིན་པས།

ཨ་ནཱནཌ་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ བཙག་འཐུ་འགྲུབ་ནིའི་ རེ་འདོད་བསྐྱེད་མི་དེ་ཡང་ རྫོང་ཁག་གི་ མི་སེར་ཚུ་ལུ་ གདོང་ལེན་བྱུང་པའི་གནད་དོན་ཚུ་ ཧ་གོ་ཡོདཔ་མ་ཚད་ ག་ཡང་མ་འགྱོ་བའི་ ཧེ་མ་ལས་ རྒེད་འོག་ག་རའི་ནང་ ལྟ་སྐོར་སོང་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འདས་པའི་ལོ་༥ འི་རིང་ རྫོང་ཁག་ནང་ར་ སྡོད་ཡོདཔ་བཞིན་དུ་ ད་རེས་ མི་ཚུ་གིས་ ཁོ་བཙག་འཐུ་འབད་མི་ལུ་བརྟེན་ མི་སེར་ཚུ་ལུ་ རྩ་འགེངས་ཕྱག་ཞུ་ནི་ཟེར་ཨིནམ་ད་ ཁོ་གིས་ ད་རེས་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ ཚར་༢ བཅའ་མར་གཏོགསཔ་ཨིན་པས།

འདེམས་ངོ་༧ ལས་ རྒྱལ་ཡོངས་ཚོགས་སྡེའི་ངོ་ཚབ་ བཙག་འཐུ་འབད་ནིའི་དོན་ལུ་ རྫོང་ཁག་ནང་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༢༩,༨༤༨ ཐོ་བཀོད་འབད་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༤,༠༧༤ བརྩིས་ཏེ་ མི་༡༧,༥༢༤ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ བདེ་སྐྱིད་གླིང་རྒེད་འོག་ལས་ དཱན་བྷ་དུར་ མོང་གར་གྱིས་ འགྲེམ་ཐོག་ཚོགས་རྒྱན་༦༤༡ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༢,༤༥༥ ཐོབ་ཡོདཔ་ད་ ཆུ་གཟར་སྒང་རྒེད་འོག་ལས་ ཁ་རི་ལཱལ་ གུ་རུང་གིས་ འགྲེམ་ཐོག་ཚོགས་རྒྱན་༡༧༧ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༨༥༤ ཐོབ་མི་དེ་ ཉུང་ཤོས་ཨིནམ་བཞིན་དུ་ གསེར་གཞོང་ལས་ པདྨ་བཀྲིས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་ མཐོ་ཤོས་ཐོབ་ཡོདཔ་ཨིན་པས།

ཉིན་གྲངས་༣ གྱི་རིང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་ ཁ་ཕྱེ་མི་དེ་བརྩིས་ཏེ་ ཉིན་གྲངས་༤ གི་རྒྱབ་ལས་ འགྲེམ་ཐོག་ཚོགས་རྒྱན་གྱངས་ཁ་རྐྱབ་པའི་སྐབས་ པདྨ་བཀྲིས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༢༤༠ དང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༢,༤༩༦ ཐོབ་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ཁྲོམ་ལས་ ཚེ་རིང་ནོར་བུ་གིས་ ཁྲོམ་སྡེའི་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བསྡོམས་༥༥༢ བཙུགས་ཡོད་མི་ལས་༣༦༣ ཐོབ་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་༥༩༩ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༣,༥༩༠ ཐོབ་ཡོདཔ་བཞིན་དུ་ འཇིགས་མེད་གླིང་རྒེད་འོག་ལས་ ཚེ་རིང་དཔལ་འབྱོར་གྱིས་ འགྲེམ་ཐོག་ཚོགས་རྒྱན་༢༤༤ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༨༦༨ ཐོབ་ཡོདཔ་ཨིན་པས།

དེ་ལས་ གཤོམ་སྤང་ཁ་ལས་ ཨྱོན་ཚེ་རིང་གིས་ འགྲེམ་ཐོགཚོགས་རྒྱན་༤༢༩ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༡,༧༤༣ ཐོབ་ཡོདཔ་ཨིན་པས།

བདེ་སྐྱིད་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་དང་པ་ བཙུགས་མི་དེ་ བདེ་སྐྱིད་གླིང་རྒེད་འོག་ལས་ སྐྱེས་ལོ་༧༠ ལང་མི་ དེའུ་མ་ཡ་དེ་ཨིནམ་ད་ མོ་གིས་འབད་བ་ཅིན་ དྲོ་པའི་ཆུ་ཚོད་༧ ལུ་འོང་ཡོདཔ་ལས་ སྤྱི་ཚོགས་ཀྱི་ བཙག་འཐུ་ག་རའི་ནང་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ དུས་ཅི་གི་ སྤྱི་ཚོགས་ཀྱི་ བཙག་འཐུའི་ནང་ཡང་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།

དགའ་སྐྱིད་གླིང་རྒེད་འོག་ལས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོད་མི་ ཚོགས་རྒྱན་བཙུགས་མི་༤ ཚོགས་རྒྱན་ས་ཁོངས་ནང་ལས་ ལོག་བཏང་ཡོདཔ་བཞིན་དུ་ དགེ་ལེགས་ཕུག་རྒེད་འོག་ལས་ཡང་ སློབ་ཕྲུག་ཅིག་ ཚོགས་རྒྱན་ས་ཁོངས་ལས་ ལོག་བཏང་ཡོདཔ་ཨིན་པས།

རྒེད་འོག་༡༢ དང་ ཁྲོམ་སྡེ་ལས་ དགེ་ལེགས་ཕུག་དང་ རྟ་རས་ཐང་ ཨུམ་གླིང་ སེངྒེ་དང་ ཆུ་འཛོམས་རྒེད་འོག་ཚུ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ འདེམས་ངོ་གདམ་འཐུ་མ་འབད་བའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *