ཊའི་ཀཱོན་ཌོ་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་ཚུ།

གསར་སྤང་དང་ དགེ་ལེགས་ཕུག་ལུ་ ཊའི་ཀཱོན་ཌོ་རྩེདམོ་ལུ་ སྤྲོ་བ་བསྐྱེད་མི་ ཡར་སེང་འགྱོ་དོ་ཡོདཔ།

༉ དགེ་ལེགས་ཕུག་ལུ་ རྩེད་རིགས་རྩེ་སའི་ སྤྱི་དོན་ཁང་གི་ཕྱི་ཁར་ ན་གཞོན་སྡེ་ཚན་ཅིག་ གནད་དོན་སྣ་ཚོགས་གུ་ གྲོས་བསྟུན་འབད་སར་ མཐོངམ་ཨིན་པས།
ན་གཞོན་ཚུ་ཡང་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་ཚུ་ཨིནམ་བཞིན་དུ་ ཁོང་གིས་ སློབ་གྲྭ་ཁག་གི་ ཊའི་ཀཱོན་ཌོ་འགྲན་བསྡུར་ ཐེངས་༧ པའི་ནང་ལས་ ཨང་དང་པ་ཐོན་ཡོདཔ་ད་ འགྲན་བསྡུར་དེ་ སྤྱི་ཟླ་༩ པའི་ཚེས་༨ ལུ་ མཇུག་བསྡུ་ནུག།
གསར་སྤང་རྫོང་ཁག་ནང་ ཊའི་ཀཱོན་ཌོ་རྩེདམོ་དེ་ ཡར་རྒྱས་སོང་མི་དེ་ཡང་ འདས་པའི་ལོ་༣ གྱི་ཧེ་མར་ ལག་ཁྱེར་ཅན་གྱི་ སློབ་སྟོན་པ་ཅིག་གིས་ ཁས་བླངས་ཐོག་ལས་ སློབ་སྟོན་འབད་མི་ལུ་བརྟེན་ཨིན་པས།
སློབ་སྟོན་པ་བགྲེསཔ་ བི་ཀཤ་ རའི་གིས་ སླབ་མིའི་ནང་ དེ་བསྒང་ སློབ་ཕྲུག་ཚུ་གིས་ རྩེདམོ་དེ་ སློབ་ཁང་ནང་ ལྷབ་སྦྱང་འབད་ནི་མེདཔ་བཞིན་དུ་ སློབ་ཕྲུག་ཚུ་ལུ་ རྩེདམོ་དེ་གི་སྐོར་ལས་ ཤེས་རྟོགས་བྱུང་མི་ གངམ་ མིན་འདུག་ཟེར་ཨིན་པས།
ཊའི་ཀཱོན་ཌོ་རྩེདམོ་གི་ སྦྱང་བ་ཚུ་ཡང་ སློབ་གྲྭའི་ཞལ་འཛོམས་ཁང་དང་ བོ་ལི་བཱོལ་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་པའི་སྐབས་ ཉི་དྲོད་དང་ ཆརཔ་ལུ་བརྟེན་ མང་ཤོས་ཅིག་གིས་ སྦྱང་བ་འབད་ནི་ལས་ བཤོལ་བཞགཔ་ཨིན་པས།
སློབ་སྟོན་པ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ ཊའི་ཀཱོན་ཌོ་རྩེདམོ་ནང་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་ཡོད་རུང་ དེ་བཟུམ་མའི་ གདོང་ལེན་བྱུང་མི་ལུ་བརྟེན་ རང་བཞིན་གྱིས་ སྤྲོ་བ་ཞན་བཅུགཔ་མས་ཟེར་ཨིནམ་ད་ ཨིན་རུང་ བི་ཀཤ་རའི་གིས་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་བར་མའི་ རྩེད་ཐང་གི་ ཉེ་འདབས་ལུ་ཡོད་པའི་ སྤྱི་དོན་ཁང་ཅིག་ ཐོབ་ཚུགས་ནུག།
སྤྱི་དོན་ཁང་དེ་ ཐོབ་པའི་ཤུལ་ལས་ ཊའི་ཀཱོན་ཌོ་རྩེ་མིའི་ གྱངས་ཁ་ཡར་སེང་སོང་ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་མཇུག་བསྡུ་ཞིནམ་ལས་ ཉིན་བསྟར་བཞིན་དུ་ སྦྱང་བ་འབད་བར་ འོང་ནི་ཡོད་ཟེར་ཨིན་པས།
ད་རེས་ ཊའི་ཀཱོན་ཌོ་རྩེདམོ་གི་ སློབ་སྟོན་པ་དང་གཅིག་ཁར་ སྦྱང་བ་འབད་ནིའི་དོན་ལུ་ སློབ་ཕྲུག་༡༥༠ གིས་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ གསར་སྤང་རྫོང་ཁག་ནང་ མི་ངོམ་༦༠༠ དེ་ཅིག་གིས་ ཐོ་བཀོད་འབད་པའི་ཁར་ གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་སོང་མི་དེ་ཡང་ ཊའི་ཀཱོན་ཌོ་རྩེདམོ་དེ་ལུ་ རྒྱབ་སྐྱོར་ཡོད་པའི་ རྟགས་མཚན་ལེགས་ཤོམ་ཅིག་ཨིན་མས་ཟེར་ སློབ་སྟོན་པ་གིས་ བཤདཔ་ཨིན་པས།
ཊའི་ཀཱོན་ཌོ་རྩེདམོ་དེ་ རྙིང་ཤོས་ཅིག་ཨིནམ་བཞིན་དུ་ འབྲུག་ཨོ་ལིམ་པིག་དང་གཅིག་ཁར་ མཉམ་འབྲེལ་འབད་ཡོད་རུང་ རྒྱལ་ཁབ་ནང་ དེ་ཅིག་ར་ གོང་འཕེལ་མ་འགྱོ་བར་ཡོདཔ་ཨིན་པས།
སྐྱེས་ལོ་༡༧ ལང་མི་ ཚུལ་ཁྲིམས་དབང་མོ་གིས་ སྐྱེས་ལོ་༦ སྦེ་སྡོདཔ་ད་ དྲག་པོའི་སྒྱུ་རྩལ་གྱི་ སྦྱང་བ་འབད་ཡོད་རུང་ ད་རེས་ ཊའི་ཀཱོན་ཌོ་གི་ ཅ་ཆས་ཚུ་ལུ་ལྟ་སྟེ་ དེ་ནང་ འཛུལ་ཞུགས་འབད་ཡི་ཟེར་ ཨིན་པས།
ད་རེས་ ཊའི་ཀཱོན་ཌོ་རྩེདམོ་དེ་ལུ་ སྤྲོ་བ་སྦོམ་བྱུང་ཡོདཔ་ལས་ ང་རའི་རྐངམ་གིས་ ལཱ་འབད་མ་བཏུབ་ཚུན་ འཕྲོ་མཐུད་དེ་ར་ རྩེད་ནིའི་རེ་བ་ཡོད་ཟེར་ སླབ་ཨིན་པས།
དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༠ པའི་ སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ མོ་ར་ཊའི་ཀཱོན་ཌོ་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ ཕམ་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ རྩེདམོ་གཞན་བཟུམ་མེན་པར་ དེ་ནང་ རང་སོའི་ལྕོགས་གྲུབ་དང་ ཐབས་ཤེས་རྐྱངམ་གཅིག་ དགོ་པས་ཟེར་ཨིན་པས།
ཊའི་ཀཱོན་ཌོ་རྩེདམོ་ནང་ བཅའ་མར་གཏོགས་མི་ ཡོན་ཏན་མཐའ་ཡས་ཀྱིས་འབད་བ་ཅིན་ སྡེ་ཚན་ནང་ ཁོ་རའི་ ནུ་གཅུང་ཆུང་ཤོས་ཀྱིས་ སེམས་ཤུགས་བསྐྱེད་བཅུག་ཡོདཔ་ལས་ ན་ཧིང་ སྡེ་ཚན་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
སྐྱེས་ལོ་༡༣ ལང་མི་ལུ་ ཊའི་ཀཱོན་ཌོ་སློབ་སྟོན་པ་ ཡོན་ཏན་མཐར་ཕྱིན་དེ་ མིག་དཔེ་བཟང་པོ་ཅིག་སྦེ་ བརྩི་འཇོག་འབད་དེ་ཡོད་པའི་ཁར་ ཁོ་ཡང་ སློབ་སྟོན་པ་བཟུམ་འབད་ནིའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ ཊའི་ཀཱོན་ཌོ་འགྲན་བསྡུར་ནང་ གསར་སྤང་རྫོང་ཁག་འོག་གི་ སློབ་གྲྭ་༦ ལས་ སློབ་ཕྲུག་༡༧༥ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *