ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་།

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས།

ད་རེས་ ས་གནས་གོང་འཕེལ་འཆར་གཞི་ལུ་ བར་ཆད་མི་འབྱུང་ནིའི་དོན་ལས་ ཁྱིམ་བཟོ་སྐྲུན་འབད་ནི་ཚུ་ གནས་སྐབས་ཅིག་གི་དོན་ལུ་ བཀག་ཆ་འབད་བཞག་དགོཔ་ ཐོན་ཡི་ཟེར་ཞུ་ཡི།

ཨིན་རུང་ ས་གནས་གོང་འཕེལ་གྱི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ ས་ཁོངས་དེ་ ལོག་སྟེ་ར་ རྫོང་ཁག་ལུ་ རྩིས་སྤྲོད་ནི་ཨིནམ་ལས་ རང་སོའི་ས་ཁོངས་ཀྱི་ ཁྲམ་ཚུ་དང་འཁྲིལ་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་བཅུག་འོང་ཟེར་ཞུ་ཡི།

བློན་པོ་གིས་ གསལ་ཞུ་འབད་མི་དེ་ཡང་ གཤོམ་སྤང་ཁའི་འཐུས་མི་ ཊེག་བྷ་དུར་རའེ་གིས་ དྲི་བ་བཀོད་མིའི་ལན་སྦེ་ ཞུ་ཡི།

འཐུས་མི་གིས་ དྲི་བ་ཞུ་མིའི་ནང་ གསར་སྤང་ཆུ་བདའ་སྟེ་ ཆུ་བྱག་རྐྱབ་ནི་དེ་ ནམ་འབད་ཚུགས་ག་དང་ གསར་སྤང་ཊཱར་ལུ་ སྡོད་ཁྱིམ་རྐྱབ་ནིའི་གནང་བ་ ནམ་འཐོབ་ཚུགས་ག་ དེ་ལས་ ཇ་པཱན་དང་ འབྲུག་གཞུང་གི་བར་ན་ རྩི་རང་དང་ གསར་སྤང་ གཞལམ་སྒང་རྫོང་ཁག་༣ གྱི་དོན་ལུ་ དཔལ་འབྱོར་གོང་འཕེལ་གྱི་ འཆར་གཞི་བརྩམ་མིའི་གནས་ཚད་ཚུ་ ག་དེམ་ཅིག་ཁར་ ལྷོད་ཡོདཔ་ཨིན་ན་ཟེར་བའི་ དྲི་བ་ཞུ་ཡི།

དེ་ལུ་ བློན་པོ་གིས་འབད་བ་ཅིན་ གསར་སྤང་གཞི་རྟེན་མཁོ་ཆས་འཆར་གཞིའི་ནང་ ཤེ་ལྕམ་ཐང་དང་ གསར་སྤང་ཊཱར་འབདཝ་ད་ ས་གནས་གོང་འཕེལ་གྱི་འཆར་གཞི་ ཁག་༢ ཚུད་དེ་ ཡོད་ཟེར་ཨིན་པས།

དེའི་གྲས་ལས་ ཤེ་ལྕམ་ཐང་གི་ ས་གནས་གོང་འཕེལ་འཆར་གཞི་དེ་ སྤྱི་ལོ་༢༠༡༧ དེ་ཅིག་ལས་ར་ མཇུག་བསྡུ་ཡོདཔ་ད་ འཐུང་ཆུ་དང་ ནང་འཁོད་ཀྱི་འཁོར་ལམ་ དེ་ལས་ གློག་མེ་བཙུགས་ནིའི་ལཱ་ཚུ་ཡང་ མཇུག་བསྡུ་སྟེ་ ཡོད་ཟེར་ཨིན་པས།

གསར་སྤང་ཊཱར་གྱི་ཐད་ལུ་ལྷོདཔ་ད་ ས་ཁམས་རིག་པའི་ དབྱེ་ཞིབ་ཚུ་ཡང་ མཇུག་བསྡུ་ཡོདཔ་བཞིན་དུ་ ལས་འགུལ་དེ་ མགྱོགས་པ་ར་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ རང་སོའི་ས་ཁྲམ་ཚུ་ ལེན་དགོཔ་ཡོད་ཟེར་ཨིན་པས།

གསར་སྤང་ཆུ་བདའ་སྟེ་ ཆུ་བྱག་རྐྱབ་ནིའི་ཐད་ལུ་ལྷོདཔ་ད་ ཆུའི་གཡོན་ཁ་ཐུག་ལུ་ དབང་འདུས་ཁ་ཐུག་འགྱོ་མི་ གཞུང་ལམ་བཟོ་བའི་སྐབས་ ཆུ་བྱག་རྐྱབ་སྟེ་ དཀའ་ངལ་བསལ་ཡོདཔ་ཨིན་རུང་ ད་ལྟོ་ ལུས་ཏེ་ཡོད་མི་ ཆུའི་གཡས་ཕྱོགས་ ཤེ་ལྕམ་ཐང་གི་ཧོངས་ཀྱི་ ཆུ་བྱག་དེ་ཡང་ འཆར་ལོ་འདི་ནང་ར་ མཇུག་བསྡུཝ་སྦེ་ རྐྱབ་འོང་ཟེར་ཞུ་ཡི།

དེ་བཟུམ་སྦེ་ རྒྱལ་ཡོངས་ཀྱི་ གོང་འཕེལ་འཆར་གཞི་ཨམ་དེ་ ཇའི་ཀ་དང་གཅིག་ཁར་ བཟོ་ཡོད་པའི་ནང་ ལུང་ཕྱོགས་ཀྱི་ འཆར་གཞི་ཨམ་ཟེར་ གསར་སྤང་དང་ རྩི་རང་ དེ་ལས་ གཞལམ་སྒང་༣ གྱི་དོན་ལུ་ཡང་ འཆར་གཞི་ཅིག་ བཟོ་སྟེ་ཡོདཔ་ལས་ དེ་གི་དོན་ལུ་ མཁས་མཆོག་ཚུ་ བདུན་ཕྲག་༡ དེ་ཅིག་གི་ནང་འཁོད་ལུ་ ཇ་པཱན་ལས་ ལྷོད་འོང་ཟེར་ཞུ་ཡི།

དྲི་བ་ཞུ་བའི་སྐབས་ འཐུས་མི་གིས་ གསར་སྤང་གི་ ཆུ་བདའ་སྟེ་ ཆུ་བྱག་མ་རྐྱབ་པ་ཅིན་ ཆུ་བྲེས་པའི་སྐབས་ ཁྲོམ་གསརཔ་ཤེ་ལྕམ་ཐང་དེ་ འཕྱག་བདའ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ད་རེས་ རྫོང་གསར་བཞེངས་འབད་སའི་ས་ཁོངས་ གསར་སྤང་ཊཱར་ལུ་ བརྒྱ་ཆ་༨༠ དེ་ཅིག་ གཞུང་གི་གཙུག་སྡེ་ཚུ་ཨིན་རུང་ ས་ཁོངས་ནང་ སྡོད་ཁྱིམ་མེད་མི་ལུ་བརྟེན་ མང་ཤོས་ཅིག་ དགེ་ལེགས་ཕུག་དང་ ཆོས་འཁོར་གླིང་ཚུ་ལས་ འོང་དགོཔ་ཐོནམ་མས་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *