གསར་ཤོག་ཚུ་ ཡུན་བརྟན་གྱི་གདོང་ལེན?

༉ འཕྲལ་ཁམས་ཅིག་ཁར་ གནས་ཚུལ་གསར་ཤོག་ཚུ་གི་ ཁྱབ་སྤེལ་ག་དེ་སྦེ་ཡོདཔ་ཨིན་ན་ བརྟག་ཞིབ་འབད་བའི་ གྲུབ་འབྲས་ལུ་ བལྟ་བ་ཅིན་ བརྡ་བརྒྱུད་ཚོང་འབྲེལ་ཚུ་ ཡུན་བརྟན་གནས་མི་ཚུགས་ནི་ཨིན་པའི་ གསལ་སྟོན་འབདཝ་མས།
ད་རེས་ནངས་པར་ གསར་ཤོག་ཚུ་ ཉོ་མི་མེད་མི་དང་ གནས་ཚུལ་ལྷག་མི་ གངམ་མེད་པའི་ གདོང་ལེན་བྱུང་སྟེ་ཡོདཔ་བཞིན་དུ་ གནས་སྟངས་འདི་བཟུམ་ འགྱུར་ནི་ཨིན་པའི་སྐོར་ ང་བཅས་ཀྱིས་ ལོ་ངོ་བཅུ་ཕྲག་ཅིག་གི་ཧེ་མ་ལས་ ཤེས་རྟོགས་བྱུང་སྟེ་ཡོདཔ་ལས་ རྣམ་རྟོག་ལང་དགོཔ་ཅིག་མེད།གསར་ཤོག་གི་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་པའི་ཁར་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ ཡུན་བརྟན་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ ལོ་ངོ་དག་པ་ཅིག་གི་ཧེ་མར་ ཨིང་ལིཤ་དང་ རྫོང་ཁ་བརྩིས་ཏེ་ གསར་ཤོག་༡༢ ཡོད་རུང་ ལོ་༧ དེ་ཅིག་གི་ ནང་འཁོད་ལུ་ གསར་ཤོག་ལས་ཁང་ལེ་ཤ་ཅིག་ སྒོ་བསྡམས་དགོཔ་བྱུངམ་ལས་ ད་རེས་ གསར་ཤོག་༥ མ་གཏོགས་མེདཔ་ཨིན།
གསར་ཤོག་ཚུ་ མར་ཉམས་འགྱོ་མི་དེ་ རྒྱ་གར་དང་ བང་ལ་དེཤ་ པ་ཀིསི་ཏཱན་ཚུ་ནང་མ་གཏོགས་ འབྲུག་གིས་གཙོས་པའི་ འཛམ་གླིང་རྒྱལ་ཁབ་གཞན་ག་ཏེ་ར་འབད་རུང་ ཉིན་བསྟར་དང་ བདུན་རིམ་གསར་ཤོག་ཚུ་ གཅིག་ཤུལ་གཉིས་ཤུལ་སྦེ་ ཡལ་ཉམས་འགྱོ་བའི་ མཐོང་གསལ་བྱུང་ཡོད།
གསར་ཤོག་ལྷག་མི་ཚུ་ཡང་ མགྱོགས་དྲགས་སྦེ་ མར་འབབ་འགྱོ་བའི་ཁར་ འབྲུག་ལུ་ མི་སྡེའི་ནང་འཁོད་ལུ་ གསར་ཤོག་ལྷག་ནི་དང་ དཔེ་དེབ་ལྷག་ནི་ཚུ་ལུ་མེན་པར་ མང་ཤོས་ར་ འཐོར་གཏམ་དང་ བཤད་ཐོ་གཏང་ནི་ཚུ་ལུ་ དགའ་མི་ཅིག་ཨིན་པའི་ཁར་ ལ་ལོ་གིས་ གསར་ཤོག་ལྷག་ནི་གི་ སྤྲོ་བ་བསྐྱེད་རུང་ ད་རེས་ནངས་པར་ བརྡ་དོན་ཡོངས་འབྲེལ་དང་ རང་སོའི་འགྲུལ་འཕྲིན་རིམ་ལུགས་ནང་ འཕྲལ་གྱི་གནས་ཚུལ་ལ་སོགས་པ་ གཅིག་ཤུལ་གཉིས་ཤུལ་སྦེ་ ཐོན་མི་དེ་གིས་ གསར་ཤོག་ཉོ་སྟེ་ ལྷག་ནི་དང་ ཡང་ཅིན་ རྒྱང་བསྒྲགས་ནང་ཐོན་མི་ གནས་ཚུལ་ཚུ་ བལྟ་ནི་དང་ ཉན་ནི་གི་ སྤྲོ་སྣང་མེདཔ་བཟོཝ་ཨིན་མས།
དེ་གི་ནང་ལས་ བརྡ་དོན་ཡོངས་འབྲེལ་ཐོག་ལས་ བགོ་བཀྲམ་འབད་མི་ གནས་ཚུལ་གསར་ཤོག་ཚུ་ འགྲུལ་འཕྲིན་གྱི་ རིམ་ལུགས་ནང་ སྡེ་ཚན་དང་ ངོ་རྐྱང་ཚུ་ལུ་ བགོ་བཀྲམ་འབད་མི་དེ་གིས་ གསར་ཤོག་བཀྲམ་སྤེལ་ལུ་ ཐོ་ཕོགཔ་ཨིན་མས།
བརྡ་བརྒྱུད་ལས་ཁང་ཚུ་ལུ་ འདི་བཟུམ་མའི་ གདོང་ལེན་བྱུང་པའི་ ནམ་དུས་ལུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ གསར་ཤོག་བགོ་བཀྲམ་གྱི་ བརྟག་ཞིབ་ཐོག་ སྤྱི་ལོ་༢༠༡༣ དང་༢༠༡༨ ཀྱི་བར་ན་ གསར་ཤོག་ལས་ཁང་མང་ཤོས་ཅིག་གི་ གསར་ཤོག་བཀྲམ་སྤེལ་དེ་ བརྒྱ་ཆ་༥༠ དེ་ཅིག མར་བབས་སོང་པའི་ སྙན་ཞུ་གསར་བཏོན་འབད་ནུག། གསར་ཤོག་ཉོ་སྟེ་ ལྷག་མི་དང་ བཀྲམ་སྤེལ་གྱི་ གྱངས་ཁ་མར་བབས་སོང་པའི་ གནས་སྡུད་གསལ་སྟོན་འབད་མི་ལུ་ ཡིད་ཆེས་ཡོད་རུང་ གསར་ཤོག་ལ་ལོ་ཅིག་ ཐིམ་ཕུག་དང་ སྤ་རོ་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ དེ་ལས་ ཕུན་ཚོགས་གླིང་ལས་བརྒལ་ བགོ་བཀྲམ་འབད་ཡོད་རུང་ དབང་འཛིན་གྱི་ སྙན་ཞུ་ནང་ རྫོང་ཁག་༢༠ ག་རའི་ནང་ ལྷོད་ནུག་ཟེར་མི་དེ་ གཞི་ཁུངས་ག་ཅི་ལུ་བཞག་སྟེ་ བརྟག་ཞིབ་འབད་ཡོདཔ་ཨིན་ན་ ང་བཅས་ཀྱིས་ ཧ་གོ་དགོཔ་ཅིག་ཡང་འདུག།
འདས་པའི་ཉམས་མྱོང་དང་འཁྲིལ་བ་ཅིན་ གསར་ཤོག་ལས་ཁང་ལ་ལོ་ཅིག་གིས་ གཞུང་དང་ ལས་འཛིན་ ཚོང་སྡེ་ཚུ་ལས་ ཕབ་ཆག་དང་ ཚོང་བསྒྲགས་ཚུ་ འཐོབ་ནིའི་དོན་ལུ་ རང་སོའི་གསར་ཤོག་གི་ བགོ་བཀྲམ་གྱངས་ཁ་ཡར་སེང་འབད་ཐབས་ལུ་ ཡིག་ཆ་སྐྱོན་ཞུགས་དང་ གནས་སྡུད་རྫུས་བཟོ་འབད་བའི་ གནད་དོན་ཚུ་ ཐོན་ཡོདཔ་ལས་ གསར་ཤོག་ལ་ལོ་ཅིག་ རྫོང་ཁག་༢༠ ནང་ ལྷོད་ནུག་ཟེརཝ་ད་ ཧ་ལས་སི་སི་དང་ རྣམ་རྟོག་ལང་སི་སི་ཅིག་ཨིན་མས།
གནས་སྡུད་ག་དེ་སྦེ་ར་ གསལ་སྟོན་འབད་ཡོད་རུང་ གསར་ཤོག་ཚུ་གི་ ཁྱབ་སྤེལ་ག་ཏེ་ལུ་ར་ཡོདཔ་ཨིན་ན་ ག་བ་དྲགཔ་སྦེ་ གསར་ཤོག་ལྷག་མི་ཚུ་གིས་ཤེས།
འདི་འབདཝ་ལས་ གསར་ཤོག་ཚུ་ ཡུན་བརྟན་སྦེ་ གནས་དགོ་པ་ཅིན་ གནས་ཚུལ་གྱི་ སྤུས་ཚད་ལུ་ གཙོ་བོར་བཏོནམ་དང་འབྲེལ་ འཛམ་གླིང་གཅིག་གྱུར་འགྱོ་བའི་ དུས་ཚོད་དང་ བརྡ་དོན་འཕྲུལ་རིག་གི་ མདུན་ལམ་ལུ་ཞུགས་པའི་ ནམ་དུས་ལུ་ གནས་ཚུལ་ལས་ཁང་ཚུ་གིས་ ད་ལས་ཕར་ གསར་ཤོག་ཚུ་གི་ཚབ་ལུ་ བརྡ་དོན་ཡོངས་འབྲེལ་དང་ དུས་ཐུང་གློག་བརྙན་ཚུ་ལུ་ གཙོ་བོར་བཏོན་པ་ཅིན་ ཡུན་བརྟན་གནས་ནི་ལུ་ ཕན་ཁྱད་འབྱུང་ནི་བཟུམ་མཐོངམ་མས།
གཞུང་གིས་འབད་རུང་ གནས་ཚུལ་ལས་ཁང་གི་ ཁྱད་ཚད་ལྡན་མི་དང་ སྤུས་ཚད་ཅན་སྦེ་ གནས་ཚུལ་ཁྱབ་སྤེལ་འབད་མི་ བརྡ་བརྒྱུད་ལས་ཁང་༢ དང་༣ དེ་ཅིག་ བཞག་ཐབས་འབད་ནི་གི་ འོས་འབབ་བལྟ་ནི་གི་ དུས་ཚོད་ཡང་ ན་འཐན་རན་ནུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *