དམག་མི་བགྲེསཔ་ཚུ་གིས་བཞེངས་མི་ བྱང་ཆུབ་མཆོད་རྟེན།

གསང་སྤྱོད་དང་ དཀར་མེ་ཕུལ་ཁང་བཟོ་ནི་དེ་ ས་ཁོངས་རྒྱ་སྐྱེད་ལུ་ སྒུག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ དམག་མི་བགྲེསཔ་ཚུ་གིས་ བྱང་ཆུབ་མཆོད་རྟེན་བཞེངས་ཡོད་སར་ བསྐོར་ར་རྐྱབ་པར་ འོང་མི་ཚུ་གི་དོན་ལུ་ གསང་སྤྱོད་དང་ དཀར་མེ་ཕུལ་ཁང་ཅིག་ བཟོ་སྐྲུན་འབད་ནི་ཨིནམ་བཞིན་དུ་ དེ་གི་དོན་ལུ་ ཁྲོམ་སྡེ་གིས་ ས་ཁོངས་རྒྱ་སྐྱེད་འབད་ནི་ལུ་ སྒུག་བཞིན་དུ་ཡོདཔ་ཨིན་པས།

སྐྱེས་ལོ་༦༣ ལང་མི་ ལས་འགུལ་འགོ་འདྲེན་པ་ ཚེ་དབང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ མི་དབང་མངའ་ཞབས་མཆོག་གི་ བཀག་རྒྱ་དང་འཁྲིལ་ མཆོད་རྟེན་དེ་ བསྒྲུབས་ཡོད་རུང་ ས་ཁོངས་དེ་ནང་ གསང་སྤྱོད་དང་ དཀར་མེ་ཕུལ་སའི་ ཁྱིམ་ཅིག་མེད་པར་ ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མར་ མཆོད་རྟེན་བཞེངས་ནིའི་དོན་ལུ་ ས་ཁོངས་ངོས་འཛིན་འབད་དེ་ ཉོགས་མེད་ལག་ཁྱེར་ ལེན་པའི་སྐབས་ རྫོང་ཁག་གི་ འགོ་དཔོན་ཚུ་ ངོ་འཛོམས་ཐོག་ ཤུལ་ལས་ ས་ཁོངས་རྒྱ་སྐྱེད་དེ་ ཁྲོམ་སྡེ་གིས་འབད་ནི་ཨིན་པའི་ ཁས་བླངས་འབད་ཡི་ཟེར་ཨིན་པས།

ཚེ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱ་སྐྱེད་འབད་ནིའི་ དབང་ཚད་དེ་ ཌཱན་ཊག་ལས་འགུལ་དང་ ལམ་སེལ་ལས་ཁུངས་༢ ལུ་མ་གཏོགས་ ཁྲོམ་སྡེ་ལུ་མེདཔ་ལས་ ཁོང་གིས་ འབད་ནི་སྦེ་ སླབ་དེས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་རེས་ གསང་སྤྱོད་དང་ དཀར་མེ་ཕུལ་སའི་ཁྱིམ་ བཟོ་སྐྲུན་དེ་ ནམ་ར་འབད་རུང་ འགོ་བཙུགས་ཆོགཔ་སྦེ་ ཡོདཔ་བཞིན་དུ་ ས་ཁོངས་རྒྱ་སྐྱེད་དོན་ལུ་ སྒུག་སྟེ་ཡོདཔ་ལས་ ཁྲོམ་སྡེ་དང་ ཌཱན་ཊག་ལས་འགུལ་ དེ་ལས་ ལམ་སེལ་ལས་ཁུངས་༣ ལས་ ག་གིས་འབད་ནི་ཨིན་ན་ མ་ཤེས་པར་ ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གསང་སྤྱོད་དང་ དཀར་མེ་ཕུལ་སའི་ཁྱིམ་དེ་ སྤྱིར་བཏང་མཆོད་རྟེན་བསྐོར་ར་རྐྱབ་མི་ ག་ར་ལུ་ ཕན་ཐབས་ཀྱི་དོན་ལུ་ཨིནམ་ལས་ འབྲེལ་ཡོད་ལས་སྡེ་ག་ཨིན་རུང་ ས་ཁོངས་རྒྱ་སྐྱེད་གང་མགྱོགས་སྦེ་ འབད་གནང་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

གནས་ཚུལ་བྱིན་མི་ཅིག་གིས་ སླབ་མིའི་ནང་ གཞུང་ལམ་ཁའི་ ས་ཁོངས་རྒྱ་སྐྱེད་འབད་ནི་དེ་ ཌཱན་ཊག་ལས་འགུལ་དང་ ལམ་སེལ་ལས་ཁུངས་༢ མ་གཏོགས་ གཞན་ལུ་དབང་ཚད་མེད་པའི་ཁར་ བྱང་ཆུབ་མཆོད་རྟེན་བཞེངས་སའི་ ས་ཁོངས་དེ་ ཁྲོམ་སྡེའི་འོག་ལུ་མེནམ་ལས་ ད་ལྟོ་ གནད་དོན་དེ་ལུ་ ག་ནི་ཡང་ སླབ་མི་ཤེས་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *