གསང་བའི་དངུལ་འབྲེལ་ལས་ཁུངས་ཀྱི་ མདོ་ཆེན་གྱི་གནས་ཡུན་ ལོ་༡༠ ཚུན་ བསྐོ་བཞག་འབད་ནི།

༉ རྒྱལ་གཞུང་དངུལ་ལས་དབང་འཛིན་འོག་གི་ གསང་བའི་དངུལ་འབྲེལ་ལས་ཁུངས་ཀྱི་ མདོ་ཆེན་གྱི་གནས་ཡུན་དེ་ ལོ་༡༠ ཚུན་ བསྐོ་བཞག་འབད་ནི་སྦེ་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་ཐག་བཅད་གནང་ཡི།

དེ་ཡང་ འབྲུག་གི་དངུལ་ཟོལ་བཀག་སྡོམ་དང་ དྲག་ཐོག་དབང་བཙོང་མ་དངུལ་བཀག་ཐབས་དཔྱད་ཡིག་༢༠༡༧ ཅན་མའི་ ལྷག་ཐེངས་༣ པའི་སྐབས་ འཐུས་མི་ཚུ་གིས་ མང་མོས་ཀྱི་ཐོག་ལས་ མདོ་ཆེན་གྱི་གནས་ཡུན་དེ་ ལོ་༡༠ གྱི་རིང་ བསྐོ་བཞག་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ད་ དེ་ཡང་ གནས་ཡུན་དང་པའི་ནང་ ལོ་༥ གི་རིང་ བསྐོ་བཞག་འབད་མི་དེ་ མཇུག་བསྡུ་བའི་སྐབས་ ཁ་སྐོང་ལོ་༥ བསྐོ་བཞག་འབད་ནི་ཨིན་པས།
གནད་དོན་དེའི་ཐོག་ལུ་ གསུང་གྲོས་རྒྱས་པར་ གནང་དགོཔ་ཐོན་མི་དེ་ཡང་ འཐུས་མི་ལ་ལོ་ཅིག་གིས་འབད་བ་ཅིན་ མདོ་ཆེན་གྱི་གནས་ཡུན་དེ་ གཏན་འཇགས་སྦེ་བཞག་ནི་དང་ ལ་ལོ་ཅིག་གིས་ དུས་ཡུན་ཚད་གཞི་ཅིག་གི་ཐོག་ལུ་ བསྐོ་བཞག་འབད་དགོཔ་སྦེ་ ཞུ་མི་ཐོན་ཡི།
མོང་སྒར་ དགྲ་མེད་རྩེ་སྔ་ཚང་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་འབད་བཅིན་ གནས་ཡུན་དེ་ མེདཔ་ཅིག་སྦེ་ བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བསྐོ་བཞག་འབད་མི་ མདོ་ཆེན་ཚུ་གི་དོན་ལུ་ གནས་ཡུན་གཏན་འཁེལ་བཟོ་སྟེ་མེདཔ་ལས་ ཁོང་གི་ ཉམས་མྱོང་དང་ལྕོགས་གྲུབ་དང་འཁྲིལ་ གོ་གནས་ནང་བཞག་དོ་བཟུམ་སྦེ་ གསང་བའི་དངུལ་འབྲེལ་ལས་ཁུངས་ཀྱི་ ཐད་ལུ་འབད་རུང་ གནས་ཡུན་མེདཔ་སྦེ་བཟོ་བ་ཅིན་ ལེགས་ཤོམ་འོང་ཟེར་ཞུ་ཡི།
དེ་ཡང་ ཁོ་གི་ཚ་གྱང་དེ་ གནས་ཡུན་ལོ་༥ བཞག་པའི་སྐབས་ ལྕོགས་གྲུབ་ཅན་དང་ ཉམས་མྱོང་ཅན་གྱི་ མི་བྱང་ནིའི་ཉེན་ཁ་འདུག་ཟེར་ཨིནམ་ད་ དེ་ཡང་ ད་རེས་ དབང་འཛིན་གྱི་ སྤྱི་འཛིན་འོག་མ་ ལ་ལོ་ཅིག་ གནས་ཡུན་དེ་ མཇུག་བསྡུ་བའི་ཤུལ་ལས་ ལཱ་མེད་པར་ དཀའ་ངལ་ཐོན་ཏེ་ འདུག་ཟེར་ཨིན་པས།
གནད་དོན་ཐོག་ལུ་ གསུང་གྲོས་རྒྱས་པར་གནང་ནིའི་ གོ་སྐབས་བྱུང་མི་དེ་ཡང་ སྤུ་ན་ཁ་ དཀར་སྦྱིས་རྟ་ལོག་གི་འཐུས་མི་ རྡོ་ཕུག་འབྲུག་པ་གིས་ མདོ་ཆེན་གྱི་གནས་ཡུན་ ལོ་༥ བསྐོ་བཞག་འབད་བའི་ཤུལ་ལས་ ག་དེ་སྦེ་འབད་ནི་ཨིན་ན་ ཁ་གསལ་ཅིག་ མིན་འདུག་ཟེར་ ཞུ་བའི་ཤུལ་ལས་ བྱུང་ཡོདཔ་ད་ གནད་དོན་དེའི་ཐོག་ལུ་ གཟའ་མིག་དམར་ལུ་ཡང་ གསུང་གྲོས་ཞིབ་པར་ གནང་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *