གསང་བ་གསལ་སྟོན་འབད་མི་ལུ་འགན་འཁྲི?

༉ སྤྱི་ཟླ་༡ པའི་ཚེས་༣ གྱི་ ཕྱི་རུ་ཁམས་ཅིག་ལས་ གཞུང་གིས་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་དེ་ ཡངས་ཆག་གཏང་ནི་ཨིན་པའི་སྐོར་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ འཐོར་གཏམ་གསལ་བཀོད་འབད་མི་དེ་གིས་ སྤྱིར་བཏང་མི་མང་ལུ་ མགུ་འཐོམ་བྱུང་སྟེ་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ བདེན་དཔྱད་ཀྱི་དོན་ལས་ དྲི་བ་བཀོད་མི་ ལེ་ཤ་ཐོན་ཡི།

མི་མང་ལུ་ མགུ་འཐོམ་བྱུང་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ ཉེན་ཁ་མེད་པའི་ རྫོང་ཁག་ཚུ་ནང་ འགྲོ་འགྲུལ་བཀག་དམ་ཡངས་ཆག་འབད་ནི་དང་ དེ་གི་སྒྲིག་གཞི་ཚུ་ ཟིན་བྲིས་བཏབ་མི་དེ་ གཞུང་གིས་ གསལ་བསྒྲགས་མ་གནངམ་ལས་ གསང་བ་ཤོར་མི་ལུ་བརྟེན་ཨིན་མས།

འགྲོ་འགྲུལ་བཀག་དམ་ ནམ་ལས་ཡངས་སུ་ བཟོ་ནི་ཨིན་ན་དང་ ག་དེ་སྦེ་ འབད་ནི་ཨིན་ན་ དེ་ལས་ གཏན་འཁེལ་མ་འགྱོཝ་ལས་ འགྲུལ་སྐྱོད་ཡངས་ཆག་གི་ སྒྲིག་གཞི་ཟིན་བྲིས་ མི་སྡོ་བརྡ་བརྒྱུད་ནང་ གསལ་སྟོན་འབད་མི་དེ་ལུ་ གཞུང་ལས་ བརྡ་དོན་ཁ་གསལ་ བརྗེ་སོར་འབད་མ་བཏུབ་མི་ལུ་ མི་ལ་ལོ་གིས་ སྐྱོན་བརྗོད་དང་ ཁ་བཏང་མི་ཡང་ཐོན་ནུག།

གནད་དོན་དེ་ ཆེ་མཐོའི་གནས་རིམ་ནང་ གསུང་གྲོས་མ་གནངམ་ལས་ར་ ཟིན་བྲིས་གསང་བ་ཤོར་བཅུག་མི་ ཡང་ཅིན་ གསང་བ་གསལ་སྟོན་འབད་མི་དེ་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་ནང་ན་ལས་ར་ འོང་སྲིད་ནི་ཨིནམ་ལས་ མི་ཚུ་གིས་ ཟིན་བྲིས་གསལ་སྟོན་འབད་མི་དེ་གི་ དྲང་སྤྱོད་དང་ ཀུན་སྤྱོད་རྣམ་གཞག་ལུ་ དྲི་བཀོད་ཡང་འབད་ནི་ འགོ་བཙུགས་ནུག།

ལ་ལོ་གིས་ མི་སྡེ་བརྡ་བརྒྱུད་ནང་ ལས་བྱེད་ཚོགས་ཆུང་ནང་ལས་ གསང་བ་གསལ་སྟོན་མ་འབད་བ་ཅིན་ མི་མང་ལུ་ གསང་བ་ཤོར་ཐབས་མེདཔ་ལས་ ཐ་དམ་ཚིག་དང་ ཚོགས་ཆུང་ལུ་ གུས་ཞབས་མེད་མི་དང་ མི་མང་ལུ་ མགུ་འཐོམ་བཅུག་མི་ལུ་ འགན་འཁྲི་བཀལ་དགོ་ཟེར་ གསལ་བཀོདཡང་འབད་ནུག།

ད་རེས་ནངས་པར་ མི་ཚུ་གིས་ ནད་ཡམས་ཀྱི་ གནས་སྟངས་ལས་ གོ་སྐབས་ལེན་ཏེ་ མ་བདེན་པའི་ གནས་ཚུལ་དང་ རྫུན་གཏམ་ འཐོར་གཏམ་ལ་སོགས་པ་ འཕྲལ་འཕྲལ་ར་ ཁྱབ་སྤེལ་འབད་མི་གིས་ ཉེས་མེད་མི་ཚུ་ལུ་ རྣམ་རྟོག་དང་ འཇིགས་སྣང་ལང་བཅུག་པའི་ གདོང་ལེན་བྱུང་པའི་ ནམ་དུས་ལུ་ ཆེ་རིམ་ཅན་གྱི་ ཚོགས་ཆུང་ནང་ལས་ ཡིག་ཆ་དང་ གྲོས་འཆར་ཚུ་ ཐུགས་ཐག་མ་བཅདཔ་ལས་ར་ གསང་བ་ཤོར་མི་དེ་ ཚ་གྱང་དགོཔ་ཅིག་ཨིན་མས།

ཨིན་རུང་ ཁ་ཙ་ཕྱི་རུ་ བློན་ཆེན་གྱིས་ རྒྱང་མཐོང་ལས་རིམ་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ དུས་མཐུན་སྙན་ཞུ་དང་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ ཡངས་སུ་བཟོ་ནི་ཨིན་པའི་སྐོར་ལས་ གསལ་བཤད་གནང་མི་དེ་ སྤྱི་ཟླ་༡ པའི་ཚེས་༣ གྱི་ ཕྱི་རུ་ཁམས་ཅིག་ཁར་ ནད་ཡམས་ཀྱི་ ཉེན་ཁ་མེད་པའི་ རྫོང་ཁག་ཚུ་ནང་ འགྲུལ་སྐྱོད་ཡངས་ཆག་གི་ ཟིན་བྲིས་གསང་བ་ཤོར་མི་དང་ མ་འདྲཝ་ག་ནི་ཡང་མ་མཇལ།

དེ་འབདཝ་ལས་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཟིན་བྲིས་བཏབ་མི་དེ་ ཧེ་མ་ལས་ར་ ཐུགས་ཐག་བཅད་དེ་ གཏན་འཁེལ་བཟོ་ཡོད་པའི་ བརྡ་མཚོན་སྟོན་ཡོད་རུང་ མི་མང་ལུ་ གཞུང་འབྲེལ་ཐོག་ གསལ་བསྒྲགས་མ་འབད་བའི་ཧེ་མར་ གསང་བ་གསལ་སྟོན་འབད་མི་ ག་ཨིན་རུང་ བྱ་རིམ་དང་འཁྲིལ་ འགན་འཁྲི་བཀལ་ནི་དེ་ཡང་ ག་ནི་བ་གལ་ཆེ།

གཞུང་གི་ འགྲོ་འགྲུལ་བཀག་དམ་འབད་མི་དེ་ གཙོ་བོ་ར་ ང་བཅས་རའི་མི་ཚུ་ ནད་ཡམས་ལས་ ཉེན་སྐྱོབ་འབད་ནི་དང་ མི་སྡེའི་ནང་ ཁྱབ་སྤེལ་བཀག་འཛིན་འབད་ཐབས་ལུ་ཨིནམ་བཞིན་དུ་ འགྲུལ་སྐྱོད་བཀག་དམ་ཐེངས་དང་པ་ལས་ ཡོན་ཏན་དང་ ཉམས་མྱོང་ཐོབ་མི་ལུ་བརྟེན་ ད་རེས་ བཀག་དམ་ཐེངས་༢ པ་དེ་ མཐར་འཁྱོལ་བྱུང་ཡོདཔ་བཞིན་དུ་ བདུན་ཕྲག་༢ ཀྱི་ཤུལ་ལུ་ ཐིམ་ཕུག་དང་ སྤ་རོ་མ་གཏོགས་ རྫོང་ཁག་གཞན་ཚུ་ནང་ ནངས་པ་ལས་ བཀག་དམ་ཡངས་སུ་ བཟོཝ་ཨིན་མས།

ང་བཅས་ར་ གནས་ཚུལ་རྫུས་མ་དང་ གསང་གཏམ་ཚུ་ལུ་ མགུ་འཐོམ་ནི་མེན་པར་ ནད་ཡམས་འཕྱེལ་འགྱོ་བའི་བསྒང་ཡོད་མི་དེ་ དམ་འཛིན་འབད་ཐབས་ལུ་ འགྲུལ་སྐྱོད་བཀག་དམ་གྱི་ སྒྲིག་གཞི་ཚུ་ལུ་ ཚུལ་ལྡན་སྦེ་གནས་དགོ།

ང་བཅས་ལུ་ ཚ་གྱང་ལང་དགོཔ་ ཡོད་མི་དེ་ཡང་ ཁ་ཙ་ཚུན་ཚོད་ རྒྱལ་ཁབ་ནང་ ནད་ཡམས་ཐོབ་མིའི་ གྱངས་ཁ་༧༣༤ ལུ་ ལྷོད་ཡོད་མི་ལས་ འགྲོ་འགྲུལ་བཀག་དམ་སྐབས་ མི་༢༧༨ ལུ་ ནད་འབུབ་བདའ་ཟུན་ཡོདཔ་ལས་ ག་ར་གིས་ གསོ་བའི་སྒྲིག་གཞི་ལུ་ གནས་པ་ཅིན་ ནད་ཡམས་འཕྱེལ་འགྱོ་ནི་ལས་བཀག་ཚུགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *