གཡུས་ས་ཁ་སྤྱི་འོག་ནང་གི་ གློག་མེ་ཨམ་ དུས་ཅི་བསྒྲུབ་ཚུགས་པའི་རེ་བ།

༉ སྤུ་ན་ཁ་ གཡུས་ས་ཁ་སྤྱི་འོག་དང་ དགའ་མ་ཁ་སྤྱི་འོག་ནང་ གློག་མེའི་རྒྱུན་སྤེལ་ ལེགས་ཤོམ་མེད་མི་ལུ་བརྟེན་ དུས་ཅི་གི་ལོ་ནང་ ལེགས་བཅོས་འབད་ནི་ཨིན་པས།

དེ་ཡང་ དཀར་སྦྱིས་རྟ་ལོག་གི་འཐུས་མི་ རྡོ་ཕུག་གིས་འབད་བ་ཅིན་ འཐུས་མི་ཚུ་ འདེམས་ཁོངས་ལྟ་སྐོར་ནང་འགྱོ་བའི་སྐབས་ མི་སེར་ཚུ་གིས་ གློག་མེ་ཨམ་ཅིག་ལས་མེདཔ་ལས་ འཕྲལ་འཕྲལ་སྦེ་ར་ གློག་མེ་ཤི་དོ་ཡོདཔ་མ་ཚད་ ཤུགས་ཚད་ཡང་ ཉུང་སུ་ཅིག་ལས་མེད་པའི་སྐོར་ལས་ ཉོགས་བཤད་ཚུ་ བཀོད་ཡོདཔ་སྦེ་ཞུ་ཡི།
གཡུས་ས་ཁ་སྤྱི་འོག་དང་ དགའ་མ་ཁ་སྤྱི་འོག་ནང་ ཁྱིམ་གུང་པ་༡༠༨ ཡོདཔ་ལས་ དེ་ནང་གི་ མི་སེར་ག་ར་ དཀའ་ངལ་བྱུང་སྟེ་ཡོད་མི་ལུ་བརྟེན་ རྒེད་འོག་དེ་ནང་ གློག་མེ་འཕྲུལ་ཨམ་ གཞི་བཙུགས་འབད་ནི་གི་ འཆར་གཞི་ག་དེ་སྦེ་ར་ ཡོདཔ་ཨིན་ན་ཟེར་ འཐུས་མི་རྡོ་ཕུག་གིས་ཞུ་ཡི།
བསྟན་རྒྱས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་ ཞུ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ གློག་མེའི་ཞབས་ཏོག་དང་ མཐུན་རྐྱེན་ཚུ་ ག་དེ་སྦེ་གནང་རུང་ གྲོང་གསེབ་གཡུས་ཚན་ཚུ་ནང་ དཀའ་ངལ་ཚུ་ བྱུང་བཞིན་དུ་ཡོདཔ་ལས་ གཞུང་ཚ་གྱང་ལང་སྟེ་ཡོད་ཟེར་ཞུ་ཡི།
ད་ལྟོ་ སྤུ་ན་ཁ་རྫོང་ཁག་ གཡུས་ས་ཁ་དང་ དགའ་མ་ཁ་སྤྱི་འོག་ནང་ ཧེ་མ་འབད་བ་ཅིན་ གློག་མེའི་ཞབས་ཏོག་ལེན་མི་ ཁྱིམ་གུང་ཉུང་ནི་དེ་གིས་ཨིནམ་ད་ དཀའ་ངལ་མ་འབྱུང་རུང་ ད་ལྟོ་ ཁྱིམ་གུང་ཡར་སེང་སོང་ནི་དེ་གིས་ དཀའ་ངལ་ཚུ་ བྱུངམ་མས་ཟེར་ཞུ་ཡི།
གཡུས་ས་ཁ་སྤྱི་འོག་ནང་ དཀའ་ངལ་དེ་ ཧེ་མ་ གློག་ཤུགས་ཀི་ལོ་ཝཱཊ་༥༠༠ འབད་མི་དེ་གུ་ ཐེབས་ཀི་ལོ་ཝཱཊ་༡༢༥ བཀལ་བའི་བསྒང་ཡོདཔ་ལས་ དཀའ་ངལ་སེལ་ཚུགས་ཟེར་ཨིན་པས།
གློག་ཤུགས་ཀི་ལོ་ཝཱཊ་༡༢༥ འབད་མི་ འཕྲུལ་ཨམ་དེ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ བསྒྲུབ་ཚུགས་པའི་རེ་བ་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ དགའ་མ་ཁ་སྤྱི་འོག་གི་ གཡུས་ཚན་ནང་ ཧེ་མ་ གློག་ཐག་སྤྲིངས་པའི་སྐབས་ ཐགཔ་ཚུ་ལུ་ ཕྱི་ཤུབས་མེད་ནི་དེ་གིས་ ཤིང་གི་ཞལ་ལག་དང་ ཤིང་གི་འདབ་མ་ཚུ་གུ་ རེག་པའི་སྐབས་ གློག་རྒྱུན་མེདཔ་ཐལ་བའི་ དཀའ་ངལ་ཡོད་མི་དེ་ དུས་ཅི་སྤྱི་ཟླ་༦ པའི་ནང་ལས་ གློག་ཐག་ཚུ་གུ་ ཕྱི་ཤུབས་བཙུགས་ནི་ཨིནམ་ལས་ དེ་གིས་སྦེ་ དཀའ་ངལ་ཚུ་ སེལ་ཚུགས་ཟེར་ཞུ་ཡི།
དེ་བཟུམ་སྦེ་ བྱང་ཐིམ་ཕུག་གི་ འཐུས་མི་ཚེ་རིང་གིས་ ཐིམ་ཕུག་རྫོང་ཁག་གི་ སྲོས་དང་ ནཱ་རོ་ དེ་ལས་ གླིང་བཞི་ལུ་ གློག་མེ་བཀྲམ་སྤེལ་འབད་ནིའི་ གནས་ཚད་ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་ དྲི་ཡི།
བྱང་ཐིམ་ཕུག་ལུ་འབད་བ་ཅིན་ སྲོས་གཡུས་ཚན་དེ་ ལམ་ཐག་རིང་རུང་ འབྲུག་གློག་མེ་ལས་འཛིན་གྱིས་ ཅ་ཆས་ཚུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་ སྐྱེལ་འདྲེན་འབད་ནི་གི་ མོ་བཏབ་འབད་ཚར་ཡི་ཟེར་ཞུ་ཡི།
གླིང་བཞི་ལུ་འབད་བ་ཅིན་ ཁཝ་གི་དཀའ་ངལ་ཡོདཔ་ལས་ བརྟག་ཞིབ་འབད་ཡོདཔ་བཞིན་དུ་ ད་ལྟོ་ འཕྲུལ་ཨམ་བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ ནཱ་རོ་ལུ་འབད་བ་ཅིན་ ད་ལྟོ་ ལྟ་ཞིབ་འབད་བའི་བསྒང་ཡོད་ཟེར་ཞུ་ཡི།
ད་ལྟོ་ རྒྱལ་ཁབ་ཀྱི་ རྒེད་འོག་ཚུ་གི་གྲས་ལས་ གློག་མེའི་མཐུན་རྐྱེན་མེད་མི་དེ་ར་ ལུང་ནག་ནང་རྒེད་འོག་ཨིནམ་ད་ དེ་ཡང་ ལམ་ཐག་རིང་ནི་དེ་གིས་ གློག་ཐག་སྤྲིང་ནི་གི་ དཀའ་ངལ་ཡོདཔ་ཨིན་རུང་ མ་འོངས་པ་ལུ་ མཐུན་རྐྱེན་ག་དེ་སྦེ་ བྱིན་ནི་ཨིན་ནའི་སྐོར་ལས་ ཞིབ་འཚོལ་འབད་བའི་བསྒང་ཡོད་ཟེར་ བསྟན་རྒྱས་བློན་པོ་གིས་ གསལ་ཞུ་འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *