༉ སྐྱེས་ལོ་༣༧ ལང་མི་ ཁྲིམས་རྩོདཔ་བགྲེསཔ་ འཕྲིས་ལས་ཀྱིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ གཡང་རྩེ་རྒེད་འོག་ལས་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
དེ་ཡང་ ཁ་ཙ་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བཙུགས་སའི་ ས་གོ་༢ ལས་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༢༨༥ འོང་མི་ལས་ འཕྲིན་ལས་ཀྱིས་ དགོ་ཟེར་མི་ ཚོགས་རྒྱན་༢༣༠ དང་ མི་དགོ་༥༥ ཐོབ་སྟེ་ གདམ་འཐུ་གྲུབ་ཅི།
གཡུས་ལི་ཅན་ལས་ཨིན་མི་ འཕྲིན་ལས་ལུ་ རྒྱ་གར་ བྷ་རཱཊ་ བི་དི་ཡ་པིཐ་གཙུག་ལག་སློབ་སྡེ་ལས་ ཁྲིམས་དོན་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ལས་ ཁྲིམས་དོན་ནང་ ཌིབ་ལོ་མའི་ཤེས་ཡོན་སྦྱངས་ཏེ་ རྩོད་དཔོན་ཡིག་ཚང་ནང་ ཁྲིམས་རྩོདཔ་སྦེ་ ལཱ་འབད་ནུག།
རྫོང་ཁག་བཙག་འཐུ་ འགོ་དཔོན་ཚུ་གིས་ གདམ་ངོའི་འཛོམས་འདུ་དེ་ཡང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ གྱངས་ཁ་དང་འཁྲིལ་ཏེ་ བཟོ་ཡོདཔ་བཞིན་དུ་ གཡང་རྩེ་རྒེད་འོག་དང་ ཁམས་དྭངས་ ཡ་ལང་ དེ་ལས་ སྟོང་གཞང་རྒེད་འོག་ཚུ་ནང་ གདམ་ངོའི་འཛོམས་འདུ་དེ་ཡང་ དྲོ་པ་ཆུ་ཚོད་༩ ལས་ ཕྱི་རུ་༥ ཚུན་དང་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་ཅི།
བེམ་ཟོར་ལས་ སྐྱེས་ལོ་༦༣ ལང་མི་ སངས་རྒྱས་དབང་མོ་གིས་ མོ་རའི་ བུམོ་༣ ཁྱིད་དེ་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཚོགས་པ་གིས་ འཛོམས་འདུ་ནང་ ཤོག་ཟེར་སླབ་མ་གཏོགས་ ཚོགས་རྒྱན་བཙུགས་ནིའི་སྐོར་ལས་ ཤེས་རྟོགས་མ་འབྱུང་ཟེར་ཨིན་པས།
བལ་གླིང་ལས་ སྐྱེས་ལོ་༤༢ ལང་མི་ མཆོད་རྟེན་བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ འདེམས་ངོ་དེ་ ལྕོགས་གྲུབ་ཅན་ཅིག་ གདམ་འཐུ་འབད་བ་ཅིན་ མོ་རའི་ཚོགས་རྒྱན་དེ་ འཕྲོ་བརླག་འགྱོ་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བཀྲིས་གཡང་རྩེ་རྫོང་ཁག་ནང་ མི་སེར་གྱི་ སྐུ་ཚབ་བམ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ ག་གདམ་འཐུ་འགྲུབ་རུང་ རྒེད་འོག་ནང་ ད་ལྟོའི་འཁོར་ལམ་ལུ་ རྩི་ནག་གཏང་ནི་དང་ འཐུང་ཆུའི་དཀའ་ངལ་ བསལ་དགོཔ་ཡོད་ཟེར་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ རྒེད་འོག་ཚུ་ནང་ལས་ཕར་ བཙག་འཐུ་གི་ གོ་བ་བརྡ་སྤྲོད་འབདཝ་ད་ ལོ་ན་རྒས་མི་ཚུ་གིས་ གྲལ་གཏོགས་འབད་བར་ འོང་མ་བཏུབ་མི་ལུ་བརྟེན་ ད་རེས་ ཚོགས་རྒྱན་བཙུགས་པའི་སྐབས་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
མ་གཞི་ ལས་རིམ་ནང་ བཅའ་མར་གཏོགས་པར་ འོང་ཚུགས་པ་ཅིན་ རང་སོའི་ འདེམས་ངོ་ཚུ་གི་སྐོར་ལས་ ཧ་གོ་ནིའི་ ཁེ་ཕན་ཡོདཔ་མ་ཚད་ སྲིད་དོན་ཚོགས་པའི་འཐུས་མི་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་༢ ཀྱི་སྐོར་ལས་ཡང་ ཤེས་ཚུགས་ཟེར་ཨིན་པས།
ཁ་ཙ་ བཀྲིས་གཡང་རྩེ་རྫོང་ཁག་ནང་ རྒེད་འོག་༥ ནང་ གདམ་ངོའི་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་ཚར་ཡོདཔ་བཞིན་དུ་ ད་རེས་ ཡ་ལང་རྒེད་འོག་གི་ འཛོམས་འདུ་ཚུ་ མཇུག་བསྡུ་ནི་ཨིནམ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༡ ནང་ འགོ་བཙུགས་མི་ གདམ་ངོའི་འཛོམས་འདུ་དེ་ ནངས་པར་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།