གཟུགས་སྟོབས་ལུས་རྩལཔ་ཅིག་ལུ་ སྐུར་འདེབས་ཀྱི་བཙོན་ཁྲིམས་ ཟླཝ་༣ བཀལ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་གི་ ཉེས་རྩོད་ཁྲིམས་ཁྲི་༢ པ་གིས་ གཟུགས་སྟོབས་ལུས་རྩལཔ་ སངས་རྒྱས་ཚུལ་ཁྲིམས་ལུ་ ཐིམ་ཕུག་སློབ་གྲྭ་ཆུང་བའི་ཇོ་བདག་ བི་བི་ཚེ་རིང་ལུ་ བརྡབ་གསིག་རྐྱབ་པའི་ཁར་ སྐུར་འདེབས་འབད་མི་ དེ་ལས་ མོ་གི་སྙན་གྲགས་ལུ་ ཉམས་ཆག་བྱུང་མི་དང་ རྫུན་ཁ་བཀལ་འི་ཉེས་འཛུགས་ཐོག་ བཙོན་ཁྲིམས་ཟླཝ་༣ བཀལ་ཡོདཔ་ཨིན་པས།
སངས་རྒྱས་ཚུལ་ཁྲིམས་ཀྱིས་ ཉེས་ཁྲིམས་དེ་ལུ་ ཁྲིམས་འཐུས་བཏབ་ཆོག་པའི་ཁར་ ཉེས་འཛུགས་དེ་ཚུ་ལུ་བརྟེན་ ཉེས་འཛུགས་ཁག་༢ ཕོག་དགོཔ་ཨིན་རུང་ ཁོ་གིས་ ཧེ་མ་ བྱ་ངན་འབད་བའི་ཐོ་མེདཔ་ལས་ ཁྲིམས་འདུན་གྱིས་ ཉེས་ཁྲིམས་སྟབས་གཅིག་ཁར་ བཀལ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ སྤྱི་ལོ་༢༠༡༧ ལུ་ འབྲུག་གི་གཟུགས་སྟོབས་ལུས་རྩལཔ་ མི་གྲངས་༤ འབད་མི་སྡེ་ཚན་ཅིག་གིས་ མོང་གོ་ལི་ཡ་ལུ་ རྩེད་འགྲན་ནང་ བཅའ་མར་གཏོགས་པའི་སྐབས་ ཁོ་ར་ རྟགས་མ་མ་ཐོབ་པའི་ཤུལ་ལས་ མི་སྡེ་བརྡ་བརྒྱུད་ཕེསི་བུཀ་ནང་ དངོས་མཐོང་སྦེ་ བཙུགས་པའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།
ཉེས་ཅན་གྱིས་ ཉམས་རྒུདཔ་ བི་བི་ཚེ་རིང་དང་ འབྲུག་ལུས་སྟོབས་ཚོགས་པའི་ འགོ་དཔོན་ཚུ་གིས་ འགྲན་བསྡུར་འབད་བར་འགྱོ་བའི་སྐབས་ གཅིག་ཁར་སྡོད་དེ་ བློ་ག་ཅི་སླབ་ཅི་ག་ཡང་ མ་ཤེས་ཟེར་བའི་སྐོར་ལས་ ཕེསི་བུཀ་ནང་ སླབ་ཡོདཔ་ཨིན་པས།
ཉེས་རྩོད་ཁྲིམས་ཁྲི་གིས་ སངས་རྒྱས་ཚུལ་ཁྲིམས་ལུ་ དམངས་གཙོའི་རིང་ལུགས་ནང་ མི་མང་ལུ་ བསམ་འཆར་བཀོད་ནིའི་དབང་ཆ་ཡོད་རུང་ བདེན་དཔྱད་མེད་པའི་བློ་ཚུ་ མི་གཞན་གྱི་ཉེན་སྲུང་མེདཔ་བཟོ་ནི་དང་ ཚད་མེད་ཀྱི་བསམ་འཆར་དང་དྲི་བ་ཚུ་ བཀོད་ནིའི་དབང་ཆ་བྱིན་པ་ཅིན་ མི་སྡེ་ལུ་ བྱ་སྟབས་མ་བདེཝ་འབྱུང་སྲིད་པའི་ཁར་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ ཁྲིམས་ཀྱི་རིམ་བགྱི་པ་ལུ་ ཆ་གནས་མེདཔ་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ འབྲུག་པའི་མི་སེར་ག་ར་ལུ་ དབྱེ་བ་མེད་པར་ ཚེ་སྲོག་དང་ རང་དབང་ རང་སོའི་བདེ་སྲུང་གི་ ཐོབ་དབང་ཡོདཔ་ལས་ སངས་རྒྱས་ཚུལ་ཁྲིམས་ཀྱིས་ ཁོ་རའི་ མིང་ཐོ་ནང་ཡོད་མི་ སྒེར་གྱི་ཡོངས་འབྲེལ་འཆར་སྒོ་ནང་ དངོས་མཐོང་གསལ་བཤད་འབད་མི་དེ་གིས་ མི་གཞན་གྱི་ སྒེར་གྱི་དལ་དབང་དང་སྙན་གྲགས་ལུ་ ཉམས་ཆག་འབད་ཡོདཔ་ལས་ ཁོ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༣༡༩ པའི་ཁ་པ་ལྟར་ སྐུར་འདེབས་གནོད་འགེལ་གྱི་ ཉེས་ཁྲིམས་སྨིན་དགོ་ཟེར་ བཀོད་ནུག།
འཁྲུན་ཆོད་དང་འཁྲིལཝ་ད་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ རྩ་ཚན་༨ པའི་དོན་ཚན་༥ པ་དང་འཁྲིལཝ་ད་ མི་ངོམ་ཅིག་གིས་ གཞན་ལུ་གནོད་འཚེ་འབད་བ་ ཡང་ན་ དེ་དང་འབྲེལ་བའི་ བྱ་བ་ཚུ་ སྔོན་འགོག་འབད་ནིའི་དོན་ལུ་ རྩ་ཚན་༧ པའི་དོན་ཚན་༢ པ་ལྟར་ མི་ཅིག་ལུ་ ཁ་སླབ་དང་ བསམ་འཆར་བཀོད་ནིའི་ དབང་ཆ་ཡོད་རུང་ དལ་དབང་དེ་ཚུ་ ཧྲིལ་བུམ་མེད་མི་དེ་ཡང་ མི་ངོམ་གཞན་གྱི་ དལ་དབང་དང་ རང་དབང་ དེ་ལས་ སྙན་གྲགས་ལུ་ ཉམས་ཆག་མ་བཀལ་བར་ ཉེན་སྲུང་འབད་དགོ་ཟེར་བའི་ འགན་ཁུར་ཡང་ཕོགཔ་ལས་ དེ་ཚུ་ག་ར་ ཁྱད་མཉམ་དགོ་ཟེར་ཨིན་པས།
ཁོ་གིས་ ཡོངས་འབྲེལ་ནང་ དངོས་མཐོང་གསལ་བཤད་འབད་བའི་སྐབས་ བི་བི་ཚེ་རིང་གིས་ ཚོགས་པ་ལུ་ ཞལ་འདེབས་ཕུད་རྡོག་གཅིག་ཡང་ འབད་དེ་མེད་རུང་ ཕྱི་རུའི་བཞེས་སྒོ་བཟའ་བར་ ཁོང་དང་གཅིག་ཁར་ འོང་ནི་ཡོད་ཟེར་ སླབ་ཡོད་པའི་ཁར་ མོ་གིས་ ཚོགས་པའི་སྲིད་འཛིན་དང་ བི་བི་ཚེ་རིང་ དེ་ལས་ གཞན་འགོ་དཔོན་ཚུ་དང་གཅིག་ཁར་སྡོད་དེ་ བློ་སླབ་སྟེ་ ཕྱི་རུའི་ལྟོ་ཡང་གཅིག་ཁར་ཟ་སྟེ་ ཚོགས་པ་གིས་ ཐབས་ངན་འབད་དེ་ གསེར་གྱི་རྟགས་མ་དེ་ འཐོབ་མ་བཅུག་ཟེར་ སླབ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་ ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་བའི་སྐབས་ འགྲན་བསྡུར་འགོ་འདྲེན་པ་གིས་ འཛམ་གླིང་གཟུགས་སྟོབས་ཚོགས་པ་ལུ་ ངག་བརྗོད་བྱིན་མི་དང་འཁྲིལཝ་ད་ ཁོ་གིས་བཀོད་མི་ཚུ་ གཞི་ཁུངས་ག་ནི་ཡང་མེད་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལུ་ ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་བའི་སྐབས་ ཡོངས་འབྲེལ་ནང་ དངོས་མཐོང་སྦེ་བཙུགས་མི་དེ་ལུ་ དོན་ཁུངས་ཀྱི་རྟགས་མ་འགྲུབ་ལས་ བི་བི་ཚེ་རིང་ལུ་ རྫུན་ཁ་བཀལ་མི་དེ་ཡང་ རྫུན་ཞུགས་ཨིན་པའི་ ར་ཁུངས་ཐོན་ཡོདཔ་ཨིན་པས།
ཁོ་གིས་ ཡོངས་འབྲེལ་ཕེསི་བུཀ་ནང་ བཙུགས་མི་ལུ་བརྟེན་ མི་འདྲ་མིན་གྱིས་ བི་བི་ཚེ་རིང་སྐོར་ལས་ བསམ་འཆར་སྣ་ཚོགས་ བྲིས་མི་ཐོན་མི་དེ་གིས་ མོ་དང་མོ་རའི་ནང་མི་བཟའ་ཚང་ལུ་ ངོ་ཚ་བའི་སྡུག་བསྔལ་དང་སེམས་ཁར་ ཚབས་ལྕི་དང་ཉམས་ཆགས་བྱུང་སྲིད་པའི་ཁར་ བཟའ་ཚང་དེ་ལུ་ ཚོར་སྣང་དྲག་པོའི་ སྡུག་བསྔལ་བྱིན་ཡོདཔ་ལས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༤༦༢ པའི་དོན་ཚན་ལྟར་ བརྡབ་གསིག་གི་ཉེས་ཁྲིམས་ སྨིན་དགོཔ་འདུག་ཟེར་བཀོད་ནུག།
སངས་རྒྱས་ཚུལ་ཁྲིམས་ཀྱི་ ཁྲིམས་དོན་ངོ་ཚབ་ཀྱིས་ ཡོངས་འབྲེལ་ནང་བཙུགས་པའི་སྐབས་ ཁ་མི་བཟེད་པའི་ ངག་བརྗོད་བཀོད་དེ་ཡོད་ཟེར་ ཞུ་ཡོད་རུང་ ཡོངས་འབྲེལ་ནང་བཙུགས་མི་དེ་ མཇུག་མ་བསྡུ་ཚུན་ ངག་བརྗོད་དེ་ མི་མང་གིས་མཐོང་ཚུགསཔ་སྦེ་ བྲིས་བཞག་སྟེ་མེད་པའི་ཁར་ དངོས་མཐོང་ནང་ ཁོ་ལུ་རྒྱབ་སྐྱོར་འབད་མི་ཚུ་གིས་ ཉམས་རྒུད་པ་ལུ་ བསམ་འཆར་ཉེན་འཚུབས་ཅན་ཚུ་ བཀོད་མི་ཐོན་རུང་ ཁོ་གིས་ཡོངས་འབྲེལ་ནང་ འཕྲོ་མཐུད་འབད་མི་དེ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༩༦.༢ པའི་དགོངས་དོན་ལྟར་ གསལ་སྟོན་འབད་ཡོདཔ་ལས་ རྩོད་ཟླ་གིས་ ཁ་མི་བཟེད་པའི་ངག་བརྗོད་བྲིས་ཡོད་ཟེར་མི་དེ་ ཁྲིམས་འདུན་གྱིས་ ངོས་ལེན་འབད་ཐབས་མིན་འདུག་ཟེར་བཀོད་ནུག།
ཁྲིམས་དང་འཁྲིལཝ་ད་ ཉམས་རྒུད་པ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ འཕྲི་སྣོན་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༣༡༩ དང་འཁྲིཝལཝ་ད་ ཉུང་ཤོས་ཟླ་ངོ་༡ ལས་ མཐོ་ཤོས་ལོ་༣ གྱི་ཉུང་མཐའི་གླ་ཆ་རྩིས་རྐྱབ་སྟེ་ རྒུད་འཐུས་སྤྲོད་དགོ་ཟེར་ཡོད་རུང་ ཉམས་རྒུད་པ་གིས་ རྒུད་འཐུས་སོགས་ ག་ནི་ཡང་ སྤྲོད་མ་དགོ་པའི་ ཞུ་བ་འབད་ཡོདཔ་ལས་ སྤྲོད་མི་དགོ་ནི་ཨིན་པས།
ཁྲིམས་འདུན་གྱིས་ སྐུར་འདེབས་ཀྱི་གནད་དོན་ཚུ་ མི་སྡེ་བརྡ་བརྒྱུད་ནང་ མང་སུ་ཐོན་དོ་ཡོད་མི་དང་ མི་མང་ཤོས་ཀྱིས་ སྣང་མེད་ཐོག་ལས་ སླབ་བཏུབ་དང་མ་བཏུབ་ཚུ་ག་ར་ མི་སྡེ་བརྡ་བརྒྱུད་ནང་ སླབ་དོ་ཡོདཔ་ལས་ དེ་གིས་ མི་སྡེ་ནང་ བྱ་སྟབས་མ་བདེཝ་ བྱུང་སྲིདཔ་ལས་ བརྡ་བརྒྱུད་ཚོགས་སྡེ་ལུ་ ད་ལས་ཕར་ བཀག་འཛིན་དོན་ལུ་ འཕྲལ་མགྱོགས་ར་ སྒྲིག་གཞི་དང་ལམ་སྟོན་ཅིག་བཟོ་ཐོག་ལས་ མི་སེར་ཚུ་ལུ་ གནད་དོན་དེའི་སྐོར་ལས་ གོ་བརྡ་སྤྲོད་དེ་ ཁྱབ་སྤེལ་འབད་དགོཔ་འདུག་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་ཨིན་པས།
ཁྲིམས་ཁྲི་དེ་གིས་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ཡང་ ཨམ་སྲུ་ཅིག་གིས་ གཞན་མི་ཨམ་སྲུ་གི་པར་དང་ བརྒྱུད་འཕྲིན་ཨང་ཚུ་ ཕེསི་བུཀ་དང་ གཞན་མི་སྡེ་བརྡ་བརྒྱུད་ཡོངས་འབྲེལ་ནང་བཙུགས་ཏེ་ ཕོ་སྐྱེས་ཚུ་གིས་ མོ་དང་འབྲེལ་བ་འཐབ་ཟེར་ བཙུགས་ཡོད་མི་དེ་ ཁྲིམས་འདུན་ལུ་ལྷོད་པའི་ཤུལ་ས་ སྐུར་འདེབས་ཀྱི་ཉེས་འཛུགས་ཐོག་ ཟླཝ་༡ གི་བཙོན་ཁྲིམས་ བཀལ་ཡོདཔ་ཨིན་པས།
མོ་གིས་ གཞན་མི་ཨམ་སྲུའི་པར་དང་ བརྒྱུད་འཕྲིན་ཨང་ བཀྲམ་སྤེལ་འབད་མི་ལུ་བརྟེན་ ད་རུང་ ཟླ་ངོ་༦ གི་ རྒྱལ་ཡོངས་ལས་མིའི་གླ་ཆ་རྩིས་རྐྱབ་སྟེ་ དངུལ་ཀྲམ་༢༦,༢༥༠ བཏབ་དགོཔ་ཐོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ཡང་ ཨམ་སྲུ་གཞན་ཅིག་གིས་ ཨམ་སྲུ་གཞན་ཅིག་གི་ གཟུགས་སྒྱོན་མོ་སྦེ་ པར་བཏབ་ཡོད་མི་དང་ གློག་ཐུང་བི་ཌོ་བཟོ་ཡོད་མི་དེ་ ཡོངས་འབྲེལ་ནང་བཙུགས་ཏེ་ བཀྲམ་སྤེལ་འབད་ནི་ཟེར་ སླབ་པའི་ཤུལ་ལས་ ཁྲིམས་འདུན་ལུ་ལྷོདཔ་ད་ ཨམ་སྲུ་དེ་ལུ་ ལོ་༡ གི་ བཙོན་ཁྲིམས་བཀལ་ཡོད་པའི་ཁར་ གནད་དོན་དེ་ལུ་བརྟེན་ དོ་དམ་ནང་ ཞག་༡༩ སྡོད་དགོཔ་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ མོ་གིས་ ཉམས་རྒུད་ཨམ་སྲུ་དེ་གི་ པར་སྒྱེན་མོ་སྦེ་བཏབ་མི་དང་ གློག་ཐུང་བཟོ་ཡོད་མི་ལུ་བརྟེན་ ལོ་༡ གི་རྒུད་འཐུས་སྦེ་ དངུལ་ཀྲམ་༤༥,༠༠༠ སྤྲོད་དགོཔ་བྱུང་ཡོདཔ་ཨིན་པས།
ཁྲིམས་འདུན་ལུ་ ལཱ་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མི་ཚུ་གིས་ རང་ལུ་བདེན་པ་ཡོད་དེ་འབད་རུང་ འབྲེལ་བ་ཡོད་པའི་ལས་སྡེ་དང་ཡིག་ཚང་ ཡང་ན་ དབང་འཛིན་ཚུ་དང་ འབྲེལ་བ་མ་འཐབ་པར་ དེ་འཕྲོ་ལས་ མི་སྡེ་བརྡ་བརྒྱུད་ནང་བཙུགས་ཏེ་ ཁྲིམས་རང་གི་ལག་པར་ ལེན་པའི་ཤུལ་ལས་ རང་ལུ་ བདེན་པ་ཡོད་དེ་འབད་རུང་ བརྡབ་གསིག་དང་ སྐུར་འདེབས་ཀྱི་ ཉེས་ཁྲིམས་ཕོག་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *