བློ་གསར་སློབ་རིམ་གྱི་ཨ་ལོ་ཚུ་ མི་ཊར་༣༠ གི་ བང་རྒྱུག་འགྲན་བསྡུར་འབད་བའི་བསྒང་།

གཟུགས་ཁམས་འཕྲོད་རྟེན་དང་ ལུས་སྦྱོང་ཤེས་ཡོན་ལས་རིམ།

མོང་སྒར་ཐང་རོང་སློབ་གྲྭ་ནང་སྦེ་ གཟུགས་ཁམས་འཕྲོད་བསྟེན་དང་ལུས་སྦྱོང་ཤེས་ཡོན་གྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་གིས་ ན་གཞོན་སློབ་ཕྲུག་དང་ ཕམ་ཚུ་ག་ར་ སེམས་དགའ་སྟེ་ཡོདཔ་ཨིན་པས།

དེ་ཡང་ ཐང་རོང་སློབ་གྲྭ་ཆུང་བ་དང་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་ཚོགས་ ཇའི་ཀ་ལས་ ཁས་བླངས་པ་སྡེ་ཚན་༢ ཀྱིས་ མཉམ་རུབ་ཐོག་ལས་ འདི་བཟུམ་མའི་ལས་རིམ་ འགོ་དང་པ་ འགོ་འདྲེན་འཐབ་ཨིན་པས།

ལས་རིམ་དེ་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་གྱི་ ཨ་ལོ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

སློབ་ཕྲུག་བུཚ་དང་ བུམོ་ཚུ་གིས་ བང་རྒྱུག་ནི་དང་ མཆོངས་ནི་ སྡེ་ཚན་སྦེ་ བང་རྒྱུག་ནི་ བཱོལ་རྩེད་ནི་ དེ་ལས་ ཐགཔ་འཐེན་ནི་ཚུ་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ དྲག་ཤོས་ཐོན་མི་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་ཚུ་བྱིན་ཡི།

ལས་རིམ་འགོ་འདྲེན་འཐབ་མི་ སློབ་གྲྭ་ཆུང་བའི་དབུ་འཛིན་འོགམ་ སཱན་ཏི་ རཱམ་ པ་ཝཱལ་གྱིས་ སླབ་མིའི་ནང་ སློབ་གྲྭ་དེ་ མཐའ་ཟུར་ཅིག་ནང་ཆགས་ཡོདཔ་ལས་ དེང་སང་གི་ གཞི་རྟེན་མཐུན་རྐྱེན་ཚངམ་སྦེ་མེད་རུང་ སློབ་ཕྲུག་ཚུ་ལུ་ ཀུན་ཚང་ཤེས་ཡོན་སྤྲོད་ནི་ལུ་ གཙོ་བོར་བཏོན༌ཏེ༌ཡོད༌ཟེར༌ཨིན༌པས།

ལྷག༌པར༌དུ༌ སློབ་གྲྭ་ནང་ གཟུགས༌ཁམས༌འཕྲོད༌བསྟེན༌དང༌ ལུས་སྦྱོང་ཤེས་ཡོན་དེ་ རྩ་གཞུང་ཅིག་སྦེ་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་དགོ་པའི་སྐབས་ རྩ་གཞུང་གི་སྐོར་ ཧེ་མ་ལས་ སྦྱོང་བརྡར་དང་ ཤེས་ཡོན་མེདཔ་ལས་ ཤེས་རིག་གི་སྲིད་བྱུས་དང་ སློབ་ཕྲུག་ཚུ་གི་ མནོ་དོན་ཚུ་ འགྲུབ་མ་ཚུགས་མི་ལུ་བརྟེན་ ཇའི་ཀ་ཁས་བླངས་སྡེ་ཚན་གྱི་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཅི་ཟེར་ སླབ་ཨིན་པས།

དབུ་འཛིན་འོགམ་གིས་འབད་བ་ཅིན་ མཐའ་ཟུར་གྱི་ སློབ་གྲྭ་ཆུང་བ་ཚུ་ནང་ སྤྱིར་བཏང་སློབ་དཔོན་ཚུ་གིས་ གཟུགས་ཁམས་འཕྲོད་བསྟེན་དང་ ལུས་སྦྱོང་ཤེས་ཡོན་ཆོས་ཚན་དེ་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ སློབ་སྟོན་འབད་མི་དེ་ སྤུས་ཚད་དང་ལྡནམ་སྦེ་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་སྤྲོད་ཚུགས་ནི་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།

མོང་སྒར་སྐྱིད་བདེ་མཁར་སློབ་གྲྭ་ལྟེ་བའི་ནང་ ཇའི་ཀ་ཁས་བླངས་སྡེ་ཚན་ལས་ སློབ་སྟོན་མཁས་མཆོག་དང་ རྩེད་རིགས་སློབ་སྟོན་པ་༢ ཀྱིས་ རྒྱབ་སྐྱོར་ཐོག་ལས་ སྤྱི་ཟླ་༥ པའི་ཚེས་༡༤ ལུ་ སྤྱིར་བཏང་དཔེ་ཆ་སྟོན་མི་ སློབ་སྟོན་ཡོངས་དང་ སློབ་ཕྲུག་ཚུ་ལུ་ གཟུགས་ཁམས་འཕྲོད་བསྟེན་དང་ ལུས་སྦྱོང་ཤེས་ཡོན་གྱི་ སློབ་སྟོན་འབད་ཡོདཔ་ལས་ ཁེ་ཕན་བྱུང་ཡི་ཟེར་ སློབ་དཔོན་ཅིག་ཨིན་མི་ བསོད་ནམས་སྒྲོལ་མ་གིས་ སླབ་ཨིན་པས།

སློབ་རིམ་༥ པའི་ སློབ་ཕྲུག་བཀྲིས་ཟླ་བ་གིས་ ད་ལྟོ་ཚུན་ སློབ་དཔོན་ཚུ་གིས་ དུམ་གྲ་རེ་སྟོན་མིའི་ཐོག་ཁར་ ཇ་པཱན་ལས་ སློབ་སྟོན་འབད་མི་ཚུ་གིས་ ལུས་སྦྱོང་ཤེས་ཡོན་ གཞི་འགྱམ་ལས་ སྟོན་བྱིན་མི་དེ་གིས་ མི་ཚེ་ནང་ ཁེ་ཕན་འབྱུང་ཚུགས་ནི་ཨིན་མི་དེ་ཡང་ ལུས་སྦྱོང་དང་ རྩེད་རིགས་ལུ་བརྟེན་ མི་ཚེ་མཐར་འཁྱོལ་ཚུགས་པའི་ གོ་སྐབས་མཐོང་ཡི་ཟེར་ སླབ་ཨིན་པས།

དེ་བཟུམ་སྦེ་ སློབ་རིམ་༥ པའི་སློབ་ཕྲུག་ སངས་རྒྱས་ཆོས་འཛོམས་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྩེད་རིགས་མ་འདྲཝ་རྩེད་ནིའི་ རིག་རྩལ་དང་ ཤེས་ཡོན་ཚུ་ ཐོབ་ཡོདཔ་ལས་ ད་ལས་ཕར་ ཕན་ཐོགས་རྒྱ་ཆེཝ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།

བའུ་ཆོས་གླིང་གཡུས་ཚན་ལས་ སློབ་གྲྭ་ཚུན་ དུས་ཡུན་ཆུ་ཚོད་ཕྱད་དང་༢ རྐང་སྟོང་སྦེ་འོང་མི་ ཨང་རྒས་སངས་རྒྱས་ཀྱིས་ སླབ་མིའི་ནང་ གཡུས་ཚན་ནང་མ་ཚད་ རྒེད་འོག་ནང་ཡང་ སྤྲོ་སྟོན་ལས་རིམ་ཚུ་ ག་ནི་ཡང་མེད་ནི་དེ་གིས་ དུས་ཅི་འགོ་དང་པ་ ལས་རིམ་འགོ་འདྲེན་འཐབ་ད་ བལྟ་བར་འོང་ཡོདཔ་བཞིན་དུ་ སྤྲོ་བ་ཐེབས་སྦེ་ར་ བྱུང་ཡི་ཟེར་ཨིན་པས།

རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ དབང་ཕྱུག་གིས་ སླབ་མིའི་ནང་ ལས་རིམ་དེ་གིས་ ན་གཞོན་ཚུ་ སེམས་ཁམས་དང་ གཟུགས་ཁམས་སྒྲིང་སྒྲི་སྦེ་ བཞག་ཚུགས་མི་གིས་ ཤེས་ཡོན་མཐར་འཁྱོལ་ཅན་སྦེ་ སྦྱང་ཚུགས་པའི་ཁེ་ཕན་གྱི་ ལས་རིམ་དེ་ སློབ་གྲྭའི་རྩ་གཞུང་ནང་འཁོད་ཡོདཔ་ལས་ ད་ལས་ཕར་ ཉིན་བསྟར་བཞིན་དུ་ ལག་ལེན་འཐབ་དགོཔ་གལ་ཆེ་ཟེར་ཨིན་པས།

ལུས་སྦྱོང་ལས་རིམ་དེ་ སང་ཕོད་ལས་ སློབ་གྲྭ་གཞན་ཚུ་ནང་ཡང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་པས།

འབྲུག་རྒྱལ་ཁབ་ནང་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་ཚོགས་ གཞི་བཙུགས་འབད་དེ་ མི་ལོ་༣༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ནིའི་དོན་ལུ་ ལས་རིམ་དེ་ འགོ་འདྲེན་འཐབ་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *