དགེ་སློང་ཚུ་གིས་ ལགཔ་འཁྱུ་ནིའི་འགྲེམ་སྟོན་འབད་ཐོག་ལས་ འཛམ་གླིང་ལགཔ་འཁྱུ་ནིའི་ཉིནམ་ བརྩི་སྲུང་འབད་བའི་བསྒང་།

གཟུགས་ཁམས་འཕྲོད་བསྟེན་སྒྲིང་སྒྲི་སྦེ་ བཞག་ནིའི་དོན་ལུ་ ལགཔ་འཁྱུ་དགོཔ།

༉ ཁ་ཙ་ ང་བཅས་ཀྱི་ལགཔ་ ང་བཅས་ཀྱི་མ་འོངས་པ་ཟེར་བའི་ བརྗོད་དོན་ཐོག་ལས་ སྤུ་ན་ཁ་ ཕོ་ཆུ་ལྡུམ་ར་ དགེ་འདུན་སློབ་གྲྭ་ནང་སྦེ་ འཛམ་གླིང་ལགཔ་འཁྱུ་ནིའི་ཉིནམ་ བརྩི་སྲུང་འབད་ཡོདཔ་བཞིན་དུ་ བརྩི་སྲུང་ནང་ ཕོ་ཆུ་ལྡུམ་ར་དགེ་འདུན་སློབ་གྲྭ་དང་ ཤེལ་རྔ་ནང་ནེ་པ་དགོན་པ་ མཆོད་རྟེན་རྙིང་པོ་དགེ་འདུན་སློབ་གྲྭ་ ཁུ་རུ་ཐང་དགེ་འདུན་སློབ་གྲྭ་ དེ་ལས་ ཝ་ལ་ཁ་ཨ་ནེམོ་གྲྭ་ཚང་ལས་ དགེ་སློང་དང་ ཨ་ནེམོ་ཚུ་གིས་ བཅའ་མར་གཏོགས་ཡི།
བརྩི་སྲུང་དང་འབྲེལ་ དགེ་འདུན་སློབ་གྲྭ་དང་ དགོན་སྡེ་༥ གིས་ ལགཔ་འཁྱུ་ཐངས་ཀྱི་འགྲེམ་སྟོན་དང་ པར་གྱི་འགྲན་བསྡུར་གཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ རྒྱལ་ཁ་ཐོབ་མི་ཚུ་ལུ་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ ཡུ་ནི་སི་ཨེཕི་གིས་ གསོལ་རས་ཚུ་བྱིན་ཡི།
གཞུང་གྲྭ་ཚང་གི་ ཆོས་དང་གསོ་བའི་ ལས་འགུལ་འཛིན་སྐྱོང་པ་ པདྨ་རྒྱལ་མཚན་གྱིས་ བཤད་མི་དང་འཁྲིལཝ་ད་ འཛམ་གླིང་ནང་ ཁག་ཆེ་ཤོས་དེ་ར་ མི་ཚེ་རིངམོ་སྦེ་ སྐྱོང་སྡོད་ནི་དེ་ཨིནམ་ད་ དེ་གི་དོན་ལུ་ གཟུགས་ཁམས་འཕྲོད་བསྟེན་སྒྲིང་སྒྲི་སྦེ་ བཞག་ནི་དེ་ཨིནམ་ལས་ ལགཔ་འཁྱུ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
དེ་འབདཝ་ལས་ ཡུ་ནི་སི་ཨེཕི་དང་ ཨེས་ཨེན་བི་ལས་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ ན་ཧིང་ལས་ གྲྭ་ཚང་ཚུ་ནང་ འཛམ་གླིང་ལགཔ་འཁྱུ་ནིའི་ཉིནམ་ བརྩི་སྲུང་འབད་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ པདྨ་རྒྱལ་མཚན་གྱིས་འབད་བ་ཅིན་ འཛམ་གླིང་ནང་ ལགཔ་འཁྱུ་ནིའི་ ཉིནམ་བརྩི་སྲུང་འབད་ནི་དེ་ སྤྱི་ལོ་༢༠༠༨ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་ཡང་ སྤྱི་ལོ་༢༠༡༠ ལུ་ བརྩི་སྲུང་འབད་ནི་ འགོ་བཙུགས་ཡི་ཟེར་ཨིནམ་ད་ དེ་བསྒང་ སློབ་གྲྭ་དང་ མི་སྡེ་ཚུ་ནང་མ་གཏོགས་ གྲྭ་ཚང་ནང་ འགོ་བཙུགས་མ་ཚུགསཔ་ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ ཡུ་ནི་སི་ཨེཕི་དང་ ཨེས་ཨེན་བི་ལས་ཚོགས་ཀྱིས་ རྒྱབ་སྐྱོང་འབད་དེ་ ཐིམ་ཕུག་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ནང་སྦེ་ འགོ་བཙུགས་ཡི་ཟེར་ཨིན་པས།
མ་འོངས་པ་ལུ་ ཆོས་སྡེ་ག་ར་ནང་ ཁྱབ་ཚུགསཔ་སྦེ་ བརྩི་སྲུང་འབད་ནི་གི་ འཆར་གཞི་ཡོད་ཟེར་ ལས་འགུལ་འཛིན་སྐྱོང་པ་ པདྨ་རྒྱལ་མཚན་གྱིས་ སླབ་ཨིན་པས།
ཉིནམ་བརྩི་སྲུང་ སྐུ་མགྲོན་གཙོ་བོ་སྦེ་བྱོན་མི་ དགེ་ཚོགས་སློབ་དཔོན་གྱིས་ བཤད་མིའི་ནང་ འགྲོ་བ་མིའི་ལུས་རྟེན་ ཐོབ་ཚར་ཞིནམ་ལས་ གཟུགས་བདག་འཛིན་འཐབ་ནི་དེ་ ག་ཅི་བ་ ཁག་ཆེ་ཟེར་ཨིནམ་ད་ གཟུགས་གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་པ་ཅིན་ དུས་དང་རྣམ་པ་ཀུན་ཏུ་ ལགཔ་འཁྱུ་སྟེ་ ཧིང་སངས་ས་སྦེ་ སྡོད་དགོཔ་ཨིན་ཟེར་ཨིན་པས།
རང་གི་གཟིགས་ཁམས་ སྒྲིང་སྒྲི་སྦེ་སྡོད་ཐབས་ལུ་ འཛམ་གླིང་གི་ མཁས་མཆོག་ཚུ་གིས་ ཞིབ་འཚོལ་འབད་བའི་སྐབས་ ཐབས་ལམ་ལེ་ཤ་ཅིག་ཡོད་པའི་ནང་ལས་ བཞེས་སྒོ་མ་བཟོ་བའི་ཧེ་མ་དང་ བཞེས་སྒོ་མ་བཟའ་བའི་ཧེ་མར གླང་ལེབ་བཏབ་སྟེ་ ལགཔ་འཁྱུ་དགོཔ་ ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ མི་མང་ཡོངས་ཀྱིས་ ལགཔ་འཁྱུ་ནི་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ཧ་གོ་ནིའི་དོན་ལུ་ ཉིནམ་བརྩི་སྲུང་འབད་ནི་ འགོ་བཙུགས་ནུག་ཟེར་ དགེ་ཚོགས་སློབ་དཔོན་གྱིས་ གསུངས་ཡི།
རང་གིས་ སེམས་ཁར་བཞག་སྟེ་ ཨ་རྟག་ར་ ལགཔ་འཁྱུ་བ་ཅིན་ མིག་གིས་མ་མཐོང་མི་ ནད་འབུབ་ཚུ་ལུ་བརྟེན་ གཟུགས་ཁར་ ནད་གཞི་ཚུ་ མི་ཐོབ་ནི་ཨིནམ་མ་ཚད་ ཚེ་རིངམོ་སྦེ་སྡོད་དེ་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱག་ཞུ་ཚུགས་པའི་ ཁེ་ཕན་ཡོད་ལུགས་ཚུ་ཡང་ བཤད་ཅི།
ཝ་ལ་ཁ་ ཨ་ནེམོ་གྲྭ་ཚང་ལས་ ཚེ་དབང་ཆོས་སྒྲོན་གྱིས་ བཤད་མིའི་ནང་ དཀོན་མཆོག་གསུམ་ལུ་ མཆོད་པ་ཕུལ་བའི་སྐབས་ གཙང་སྦྲ་དང་ལྡནམ་སྦེ་ཕུལ་བ་ཅིན་ རང་ལུ་ དངོས་གྲུབ་གནང་འོང་ཟེར་ སླབ་སྲོལ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ དུས་ནམ་རང་འབད་རུང་ ལགཔ་འཁྱུ་སྟེ་ བཞེས་སྒོ་བཟའ་བ་ཅིན་ གཟུགས་ཁར་ ནད་གཞི་ཚུ་ མ་ཐོབ་པའི་ཁར་ ནད་གཞི་བརྒྱ་ཆ་༥༠ དེ་ཅིག་ བཀག་ཚུགས་པའི་ ཁེ་ཕན་ཡང་ ཡོད་ཟེར་ཨིན་པས།
མཆོད་རྟེན་རྙིང་པོ་ དགེ་འདུན་སློབ་གྲྭ་ལས་ དགེ་སློང་ཅིག་གིས་ བཤད་མིའི་ནང་ གསོ་བའི་ཁ་ཐུག་ལས་འབད་བ་ཅིན་ མིག་གིས་མ་མཐོང་མི་ ནད་འབུབ་ཚུ་གིས་ ནད་གཞི་སྤེལ་དོ་ཡོདཔ་ལས་ དེ་ཚུ་བཀག་ཐབས་ཀྱི་དོན་ལུ་ གླང་ལེབ་བཏབ་ཞིནམ་ལས་ ལགཔ་ལེགས་ཤོམ་སྦེ་འཁྱུ་དགོ་པའི་ གོ་བརྡ་སྤེལ་མི་དང་བསྟུན་ ངོས་ལེན་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
དགེ་འདུན་སློབ་གྲྭ་ཁག་ཚུ་གི་བར་ན་ ལགཔ་འཁྱུ་ནི་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ནའི་ དོན་ཚན་ཐོག་ལུ་ དྲི་བ་དྲིས་ལན་གྱི་ ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལན་ཤེས་མི་ཚུ་ལུ་ གསོལ་རས་བྱིན་ཐོག་ལས་ བརྩི་སྲུང་མཇུག་བསྡུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *