གཟི་འཕྱོག་བཟུང་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༦ བཀལ་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༥ པའི་ནང་ ཕོ་སྐྱེས་ཅིག་གིས་ ཨམ་སྲུ་ཅིག་ལས་ གཟི་མིག་ཏོ་༦ འབད་མི་ཅིག་ འཕྱོག་བཟུང་འབད་དེ་ བྱོག་འགྱོ་ནིའི་ དཔའ་བཅམ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༦ བཀལ་ནུག།
སྤྱི་ཟླ་༡༢ པའི་ཚེས་༨ ལུ་ ཐིམ་ཕུག་རྫོང་ཁག་གི་ ཉེས་རྩོད་ཁྲིམས་ཁྲི་༢ པ་གིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ སྐྱེས་ལོ་༢༨ ལང་མི་ ཉེས་ཅན་དེ་གིས་ ཨམ་སྲུ་ཅིག་གི་གཟི་དེ་ ཉོ་ནི་ཨིན་ཟེར་སླབ་སྟེ་ གོང་ཚད་བདེ་སྒྲིག་འབད་བའི་བར་ན་ བྱོག་སོང་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ ཐིམ་ཕུག་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ གདོང་ཕྱོགས་ལུ་ཡོད་མི་ ཚོང་ཁང་ཅིག་ནང་བྱུང་ཡོདཔ་ད་ ཕོ་སྐྱེས་དེ་གིས་ གཟི་དེ་ ངོ་མ་ཨིན་ན་མེན་ན་ བལྟ་གེ་ཟེར་སླབ་སྟེ་ ལག་པར་ལེན་པའི་ཤུལ་ལས་ བྱོག་སོང་བའི་སྐབས་ ཨམ་སྲུ་དེ་གིས་ སྐད་རྐྱབ་སྟེ་ རྟིང་བདའ་འགྱོཝ་ད་ གླ་འཁོར་བཞག་སའི་ ས་ཁོངས་རྙིངམ་དེ་ནང་ལྷོདཔ་ད་ སྒྲིག་གཡོག་མཇུག་བསྡུ་སྟེ་སྡོད་མི་ ཁྲིམས་སྲུང་འགག་པ་ཅིག་གིས་ བཟུང་ཚུགས་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་དེ་གིས་ བྱ་ངན་འབད་བའི་སྐོར་ལས་ ཁྲིམས་འདུན་ལུ་ ཡིག་ཐོག་བཀོད་དེ་ ཁ་བཟེད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༤༤ པ་དང་འཁྲིལ་ གཟི་གི་གོང་ཚད་དང་བསྟུན་པའི་ བཙོན་ཁྲིམས་བཀལ་ཡི་ཟེར་ཨིན་པས།
དེ་མ་ཚད་ ཕོ་སྐྱེས་དེ་ལུ་ དབྱེ་རིམ་༣ པའི་ བཙོན་ཁྲིམས་བཀལ་མི་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ད་རེས་ནངས་པར་ ཁྲོམ་སྡེ་ནང་ གཟི་མིག་ཏོ་རེ་གི་ གོང་ཚད་དེ་ དངུལ་ཀྲམ་འབུམ་ལས་བཅད་དེ་གནས་པའི་ཁར་ རིན་ཐང་ཅན་གྱི་ རྒྱུ་དངོས་ཨིནམ་ལས་ སྲོལ་འཛིན་ལས་ཁུངས་ཀྱིས་ གཟི་གི་གོང་ཚད་སྐོར་ལས་ ཡིག་ཚང་བཀའ་རྒྱ་བཏོན་མི་དེ་ལུ་ འཕྲི་སྣོན་དང་བསྒྱུར་བཅོས་འབད་དགོཔ་ཡོད་པའི་སྐོར་ལས་ འཁྲུན་ཆོད་གནང་མི་དང་འཁྲིལ་ ཉེས་ཅན་དང་ གཟི་གི་ཇོ་བདག་གི་བར་ན་ གཟི་མིག་ཏོ་༦ འབད་མི་དེ་ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༧.༧ སྦེ་ བདེ་སྒྲིག་འབད་ཡོད་མི་དང་འཁྲིལ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ ཧེ་མ་ཡང་ གཟི་འཕྱོག་བཟུང་འབད་བའི་ ཉེས་འཛུགས་ཡོདཔ་ལས་ བཙོན་ཁྲིམས་ཟླཝ་༤ ཕོག་ཡོདཔ་ད་ ཁོ་ར་ སློབ་རིམ་༨ པ་མཇུག་བསྡུ་མི་ དགེ་སློང་བགྲེསཔ་ ཚོང་རྐྱབ་སྡོད་མི་ཅིག་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་དེ་གིས་ ཉེས་ཅན་དེ་དང་ མ་ཕྱད་པའི་ཧེ་མར་ ཁོ་རའི་ ཕོ་རྒནམ་ལུ་ བཙོང་ནིའི་དཔའ་བཅམ་ནུག་ཟེར་ཨིན་པས།
ནང་སྲིད་ལྷན་ཁག་གི་ སྲོལ་འཛིན་ལས་ཁུངས་ཀྱིས་ གཟི་གི་གོང་ཚད་དེ་ དངུལ་ཀྲམ་འབུམ་༦ དེ་ཅིག་ རྐྱབ་ཡོད་པའི་ཁར་ གཟི་དེ་ ངོ་མ་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།
གཟི་དེ་ ཁྲིམས་འདུན་བརྒྱུད་དེ་ ཇོ་བདག་ལུ་ ལོག་སྤྲོད་པའི་སྐབས་ ཨམ་སྲུ་དེ་གིས་ མོ་རའི་གཟི་ འཕྱོག་འབག་མི་དེ་ར་ ཨིནམ་སྦེ་ སླབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *