གཞུང་སྐྱོང་ལེགས་ལྡན་དགོ་པ་ཅིན་ ཞི་གཡོགཔ་ཚུ་ སྲིད་ལས་ཐ་དད་སྦེ་ བཞག་དགོཔ།

༉ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་གིས་གོ་གནས་ཅན་གྱི་ འགོ་དཔོན་ཚུ་ སྲིད་དོན་ཚོགས་པའི་ འདེམས་ངོ་སྦེ་བཙུགས་མི་དེ་ རྩ་ཁྲིམས་ཅན་གྱི་དགོངས་དོན་ ཞི་གཡོགཔ་ཚུ་ སྲིད་ལས་ཐ་དད་སྦེ་ བཞག་དགོ་ཟེར་མི་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཅའ་ཁྲིམས་ལས་ འགལ་བ་ཨིནམ་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ལུ་ དོགས་སེལ་འབད་དགོཔ་སྦེ་ ཁ་ཙ་ དྲི་བཀོད་ཀྱི་ལས་རིམ་སྐབས་ལུ་ ཞུ་ཡི།
རྒྱལ་ཁབ་ནང་ གཞུང་སྐྱོང་ལེགས་ལྡན་འཐོབ་དགོ་པ་ཅིན་ ཞི་གཡོགཔ་ཚུ་ རང་དབང་ཐ་དད་སྦེ་ བཞག་དགོཔ་དེ་ ཁག་ཆེ་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ གཞུང་གཡོགཔ་གོ་གནས་ཅན་དང་ ལྕོགས་གྲུབ་ཅན་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་བཅུག་མི་དེ་གིས་ མ་འོངས་པ་ནང་ ཞི་གཡོགཔ་སྒྲིང་སྒྲི་མེན་པར་ ཞི་གཡོགཔ་ལྕོགས་གྲུབ་མེད་མི་ཚུ་ རྐྱངམ་གཅིག་ ལུས་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་འབད་རུང་ ཞི་གཡོགཔ་ཚུ་ལུ་ གཟེངས་སྟོད་ཀྱི་རྟགས་མ་ ལ་སོགས་པ་གནང་མི་དེ་ཡང་ ཞི་གཡོགཔ་ཚུ་གིས་ གཞུང་དང་མི་སེར་ལུ་ ཕྱག་ཞུ་ནི་གི་ སེམས་ཤུགས་ཐེབས་བསྐྱེད་བཅུག་ནི་དང་ ཁོང་རའི་ལྕོགས་གྲུབ་ཚུ་ ཡར་སེང་འབད་ཐབས་ལུ་ཨིན་ཟེར་ཞུ་ཡི།
ཨིན་རུང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ འབྲུག་གཞུང་སྒྲིང་སྒྲི་དང་ ཡར་རྒྱལ་གོང་འཕེལ་འགྱོ་དགོ་པ་ཅིན་ དེ་ཚུ་ སྲིད་དོན་ཚོགས་པ་ཚུ་མེན་པར་ ཞི་གཡོགཔ་ཚུ་ར་ སྒྲིང་སྒྲི་དགོ་ཟེར་ཨིན་པས།
དེ་ལུ་ཁོ་ར་གི་ ཚ་གྱང་ཐེབས་འབག་སྟེ་ ཧེ་མའི་གཞུང་གི་སྐབས་ལུ་ བློན་ཆེན་ཡིག་ཚང་ནང་ སྲིད་དོན་དང་འབྲེལ་བ་ཡོད་པའི་ མི་༦ དེ་ཅིག་ ལཱ་འགན་འབག་སྟེ་ཡོད་རུང་ ད་ལྟོ་ཁོ་ར་ བློན་ཆེན་འབད་བའི་ནམ་དུས་ལུ་ རྒྱལ་ཁབ་ལུ་ ཚ་གྱང་འབག་སྟེ་ སྲིད་དོན་དང་འབྲེལ་བ་ཡོད་མི་ མི་ངོམ་ཕུད་རྡོག་གཅིག་ཡང་ ཡིག་ཚང་ནང་ འབྲེལ་གཏོགས་མེད་པར་ ཐ་དད་སྦེ་ བཞག་སྟེ་ཡོད་ཟེར་ཞུ་ཡི།
ཁོ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ ཀུན་བཟང་དབང་འདུས་དང་ ས་གནས་གཞུང་གི་ ཡོངས་ཁྱབ་མདོ་ཆེན་ལུང་བསྟན་ལ་སོགས་པ་ཚུ་ གཞུང་གི་གོ་གནས་ཅན་གྱི་ འགོ་དཔོན་ཨིན་ཏེ་འབད་རུང་ ཁོང་ལུ་ ཁོ་གིས་ དགོངས་ཞུ་མ་འབད་བའི་ཧེ་མར་ ག་དེ་དྲག་དྲག་ སྲིད་དང་འབྲེལ་བ་མ་འཐབ་ཟེར་ སླབ་དོ་ཟེར་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ ཀུན་བཟང་དབང་འདུས་ འདེམས་ངོ་སྦེ་འཐོན་གནང་ཟེར་ བློན་ཆེན་ཁོ་ར་གིས་ ཧེ་མ་སླབ་པའི་སྐབས་ ཉན་མ་བཏུབ་ལས་ ཤུལ་ལས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ སླབ་མི་དང་འཁྲིལ་ཏེ་ འཕྲལ་ཁམས་གཅིག་ཁར་རྐྱངམ་གཅིག་ ངོས་ལེན་འབད་འབདཝ་ཨིན་ཟེར་ ཞུ་ཡི།
ཁོང་ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ འཐོན་གནང་ཟེར་ ལོ་༡ གི་ཧེ་མར་ མ་སླབ་ཟེར་ཨིནམ་ད་ དེ་འབདཝ་ད་ ཟླཝ་༦ དེ་ཅིག་གི་ཧེ་མར་ སླབ་པའི་ཤུལ་ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ འཐོན་ནི་དེ་ འཕྲལ་ཁམས་ཅིག་ལས་ ཐག་མ་བཅད་ཟེར་ཞུ་ཡི།
མི་སེར་དམངས་གཙོ་ཚོགས་པ་གིས་ མི་སེར་ལུ་ ཕྱག་ཞུ་ཚུགས་པའི་འདེམས་ངོ་ ག་དེ་དྲག་དྲག་ ངོས་འཛིན་འབད་ནི་ལུ་ རྩ་འགེངས་དོ་ཟེར་ཨིནམ་ད་ ད་ལྟོ་ ཞི་གཡོགཔ་རྐྱངམ་གཅིག་མེན་པར་ སྒེར་པ་ལྕོགས་གྲུབ་ཅན་ཚུ་ལུ་ ལྟ་ཡི་ཟེར་ཞུ་ཡི།
དཔེར་ན་ གསར་སྤང་ཤོམ་སྤང་ཁའི་འདེམས་ངོ་དེ་ ཧེ་མ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བློན་པོ་བགྲེསཔ་ ནཱན་ད་ལཱལ་བཏོན་ཏེ་ཡོད་ཟེར་ཨིནམ་ད་ ཁོ་ར་ ས་གནས་ནང་གི་ མི་སེར་ཚུ་གིས་ དགའ་དོ་ཡོདཔ་མ་ཚད་ ཁོ་ར་ལྕོགས་གྲུབ་ཡོད་ནི་དེ་གིས་ འབྲུག་ཕུན་སུམ་ཚོགས་པ་ཨིན་མས་ཟེར་ མནོ་སྟེ་ རྩ་ལས་མ་བཞག་ཟེར་ ཞུ་ཡི།
དེ་འབདཝ་ལས་ ཞི་གཡོགཔ་ཚུ་ལུ་འབད་རུང་ བློན་ཆེན་གྱིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཏེ་ དགོངས་ཞུ་མ་འབད་ཚུན་ཚོད་ སྲིད་ཀྱི་ལཱ་འབད་མ་གནང་ཟེར་ ཞུ་བ་འབདཝ་འབད་སར་ཡོད་ཟེར་ བློན་ཆེན་གྱིས་ཞུ་ཡི།
མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་ཉམས་མྱོང་ཅན་དང་ ཤེས་ཡོན་ཅན་ ལྕོགས་གྲུབ་ཅན་ཚུ་ གདམ་འཐུ་འབད་དགོ་མི་དེ་ཡང་ ཤུལ་ལས་མི་སེར་ལུ་ ཕན་ཐོགས་ཚུགསཔ་ཅིག་འོང་ཟེར་མནོ་སྟེ་ གདམ་འཐུ་འབད་ཡོདཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *