གཞུང་སྐྱོང་ཚོགས་པའི་ཁས་བླངས་ གསུང་བྱོན་ཨེབསི་ ལོ་རྒྱུས་ཙམ་ཅིག་ལུས་ནི།

༉ འབྲུག་མཉམ་རུབ་ཚོགས་པའི་གཞུང་གི་ གནས་ཡུན་ཚང་རན་ཡོད་རུང་ ཡོངས་གྲགས་ཅན་གྱི་ གསུང་བྱོན་ཨེབསི་ཀྱི་ ཞབས་ཏོག་དེ་ ལོ་རྒྱུས་རྐྱངམ་གཅིག་སྦེ་ ལུས་ནི་ཨིན་པས།

དེ་ཡང་ གཞུང་གིས་ གསུང་བྱོན་ཟེར་ འགྲུལ་འཕྲིན་གྱི་ ཞབས་ཏོག་དེ་ མཁོ་སྤྲོད་འབད་མི་ཚུགས་ནི་ཨིནམ་ ངེས་བདེན་ཨིན་མས།

གནད་དོན་དེའི་སྐོར་ལས་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ བསམ་རྩེ་བཀྲིས་ཆོས་གླིང་གི་འཐུས་མི་ དཱིལ་མ་ཡ་རའེ་གིས་ གཞུང་གི་ཁ་ཐུག་ལས་   ལོ་ལྔའི་འཆར་གཞི་༡༢ པའི་ནང་ གསུང་བྱོན་ཞབས་ཏོག་དེ་ བྱིན་ཚུགས་མི་ཚུགས་སྐོར་ལས་ དྲི་བ་ཞུ་ཡི།

འཐུས་མི་གིས་ ཞབས་ཏོག་དེ་ དམིགས་བསལ་དུ་ ན་གཞོན་དང་ ཨ་ལོ་ཚུ་ལུ་ ཕན་ཐོགས་སྦོམ་ཡོདཔ་ལས་ འདེམས་ཁོངས་ལྟ་སྐོར་ནང་ འགྱོ་བའི་སྐབས་ ན་གཞོན་ཚུ་གིས་ གནད་དོན་དེའི་སྐོར་ལས་ དྲི་དཔྱད་འབདཝ་མས་ཟེར་ ཞུ་ཡི།

སྲིད་དོན་ཚོགས་པ་ཚུ་གིས་ ཁས་བླངས་འབད་དེ་ གཞུང་སྐྱོང་ནི་ གོ་སྐབས་ཐོབ་པའི་ཤུལ་ལས་ ཁས་བླངས་ཚུ་ གྲུབ་མ་ཚུགས་མི་དེ་ བཀག་ཆ་འབད་མི་ ལེ་ཤ་ཡོདཔ་ཨིན་ན་ ཡང་ཅིན་ སྲིད་བྱུས་སྐོར་ལས་ ཡོདཔ་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ བཀྲིས་ཆོས་གླིང་གི་ འཐུས་མི་གིས་ ཞུ་ཡི།

ལས་གཡོག་བློན་པོ་ ཀརྨ་རྡོ་རྗེ་གིས་ འཆར་གཞི་༡༢ པའི་ནང་ གོང་འཕེལ་གྱི་ ལས་སྣ་ལེ་ཤ་ཅིག་ར་ གཙོ་རིམ་སྒྲིག་དགོཔ་ལས་ གསུང་བྱོན་ཨེབསི་གི་དོན་ལུ་ འཆར་དངུལ་བགོ་བཀྲམ་མེདཔ་མ་ཚད་ བཟོ་ཡང་མི་ཚུགས་ནི་མས་ཟེར་ཞུ་ཡི།

ལས་གཡོག་བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ དེ་བཟུམ་མའི་ ནང་འཁོད་བརྡ་དོན་ཨེབསི་ གཞི་བཙུགས་འབད་ནི་དེ་ ཌ་ཊ་བརྡ་དོན་འཕྲུལ་རིག་གི་ ཉེན་སྲུང་ལུ་བརྟེན་ ཁས་བླངས་འབད་ཡོདཔ་བཞིན་དུ་ ཨེབསི་དེ་ གལ་ཅན་ཅིག་ཨིན་ཟེར་ཞུ་ཡི།

གསུང་བྱོན་ཨེབསི་དེ་ ཕི་རི་ཝའི་ཕའེ་ཐོག་ལས་བཟོ་ནི་གི་ དཔའ་བཅམཡོད་རུང་ འབད་མ་ཚུགས་ཟེར་ བློན་པོ་གིས་ ཞུ་བའི་ཁར་ ཨེབསི་དེ་ ཁག་ཆེ་དྲགས་ཅིག་ཨིནམ་ལས་ འཆར་གཞི་༡༣ པའི་ནང་ གཞུང་གསརཔ་གིས་ གཙོ་རིམ་སྒྲིག་སྟེ་ གྲུབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཞུ་ཡི།

གསུང་བྱོན་ཨེབསི་དེ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཉིན་གྲངས་༡༢༠ གི་ ཁས་བླངས་༢༥ འབད་མིའི་གྲས་ལས་གཅིག་ཨིན་པས།

ལས་གཡོག་བློན་པོ་གིས་ ཞུ་མིའི་ནང་ ཨིན་ཊར་ནེཊ་ ཕའི་བར་དེ་ རྒྱ་གར་ལས་བརྒྱུད་དེ་ འོང་དོ་ཡོདཔ་ལས་ བརྒྱུད་ལམ་གྱི་ དཀའ་ངལ་རེ་བྱུང་རུང་ ནང་འཁོད་ལས་ ཝཱཊསི་ཨབ་དང་ ཊེ་ལི་ག་རམ་ལ་སོགས་པའི་ རིམ་ལུགས་ལེ་ཤ་ཐོག་ལས་ ལག་ལེན་འཐབ་ནིའི་དོན་ལུ་ གསུང་བྱོན་ཨེབསི་ གཞི་བཙུགས་འབད་ནི་གི་ ཁས་བླངས་འབད་ཡི་ཟེར་ཨིན་པས།

གནད་དོན་དེའི་སྐོར་ལས་ རྒྱལ་ཡོངས་ཚོགས་ཁང་ནང་ ཡང་བསྐྱར་དུ་ ཐོན་ཡོདཔ་ད་ ཧེ་མའི་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་   བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུང་བྱོན་ཨེབསི་ཀྱི་ ཞབས་ཏོག་དེ་ ནམ་ར་འབད་རུང་ བྱིན་ཚུགས་ནི་ཨིན་རུང་ ལག་ལེན་འཐབ་ནི་ལུ་ ཨིན་ཊར་ནེཊ་དང་ ཝའི་ཕའེ་ཚུ་དགོཔ་ལས་ དེ་ཚུ་ག་ར་ རིམ་སྒྲིག་འབད་དགོ་ཟེར་ གསུངས་ཡི།

གལ་སྲིད་ ཞབས་ཏོག་དེ་ བཟོ་ཚར་བ་ཅིན་ མི་སེར་ཚུ་གིས་ རང་སོའི་འགྲུལ་འཕྲིན་ཐོག་ལས་ ཏི་རུ་དང་ རྩིས་ཤོག་ཚུ་ བཙུགས་མ་དགོཔ་པར་ རིན་མེད་སྟོང་པ་སྦེ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།

བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ སྤྱི་ལོ་༢༠༡༩ འི་གནམ་དགུན་གྱི་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་བྱོན་ཞབས་ཏོག་དེ་ རྫོང་ཁག་ག་རའི་ནང་ ལྷོད་ཚུགས་ནི་ལུ་ ལོ་༥ དེ་ཅིག་ འགོར་ནི་འོང་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *