ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ།

གཞུང་སྐྱོང་ཚོགས་པ་ལུ་ སྲིད་དོན་གྱི་ དབང་ལུ་ཐལ་ཡོད་པའི་ ཁ་ཉེས་བཀལ་ཡོདཔ།

༉ རྩིས་ལོ་༢༠༡༩-༢༠༢༠ ལུ་ གཞུང་གི་གཙོ་ཅན་ལས་རིམ་ནང་ གཞལམ་སྒང་རྫོང་ཁག་གི་ ལྟ་བཤལ་ལས་རིམ་ཚུད་ཡོད་མི་དེ་ གཞུང་གིས་ བསྒྱུར་བཅོས་ཐོག་ དེ་གི་ཚབ་ལུ་ གསར་སྤང་རྫོང་ཁག་བཙུགས་ནི་འབདཝ་མས་ཟེར་ ལྡོག་ཕྱོགས་ཚོགས་པ་གིས་ ཁ་ཉེས་བཀལཝ་ཨིན་པས།
དེ་ཡང་ ལུང་ཕྱོགས་གོང་འཕེལ་འདྲ་མཉམ་གཏང་ནིའི་དོན་ལུ་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ མགར་ས་དང་ ལྷུན་རྩེ་ དར་དཀར་ནང་ དེ་ལས་ གཞལམ་སྒང་རྫོང་ཁག་༤ ནང་ ལྟ་བཤལ་ལས་རིམ་གཞི་བཙུགས་འབད་ནི་ཟེར་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་ཐག་གནང་པའི་ཁར་ རྒྱལ་ཡོངས་ཚོགས་སྡེ་གིས་ཡང་ རྒྱབ་སྣོན་གནང་སྟེ་ ཆ་འཇོག་གྲུབ་ཅི་ཟེར་ ཁ་ཙ་ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་ཞལ་འཛོམས་ནང་ བཤད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས བཤད་མིའི་ནང་ མ་གཞི་ རྒྱལ་ཡོངས་དགའ་སྐྱིད་དཔལ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་མཐིལ་ཕྱིན་འབད་དེ་ འཆར་གཞི་༡༢ པའི་ནང་བཙུགས་ཏེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་གནས་མཛད་ཡོད་རུང་ བར་སྐབས་ཅིག་ལས་ གཞལམ་སྒང་གི་ ལྟ་བཤལ་ལས་རིམ་ཆ་མེད་ཐོག་ གསར་སྤང་རྫོང་ཁག་བཙུགས་ནི་སྦེ་ གནས་ཚུལ་ཐོན་མི་དེ་ སྲིད་དོན་གྱི་ དབང་དུ་ཐལ་ཡོདཔ་བཟུམ་སྦེ་འདུག་ཟེར་ཨིན་པས།
རྫོང་ཁག་༤ གི་དོན་ལུ་ རྩིས་ལོ་༢༠༡༩-༢༠ གི་འཆར་དངུལ་དེ་ཡང་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་ཡོདཔ་ལས་ བཅའ་ཁྲིམས་ལུ་ སྒྱུར་སོ་ཡི་ཟེར་ཨིན་པས།
འཆར་དངུལ་དེ་ ཚོགས་ཁང་ཆེན་མོ་གིས་ ཆ་འཇོག་མཛད་ཞིནམ་ལས་ ད་རུང་ གཞུང་གིས་ མི་བཏུབ་པས་ཟེར་ ག་དགའཝ་སྦེ་ ཆ་མེད་བཏང་སྟེ་ གསརཔ་བཙུགས་པ་ཅིན་ དཔེ་སྟོན་དང་ ལམ་སྟོན་ལེགས་ཤོམ་ཅིག་མེན་ཟེར་ ལྡོ་ཕྱོགས་འགོ་ཁྲིདཔ་གིས་ བཤད་པའི་ཁར་ གཞུང་ལས་ ཚོགས་ཁང་ཆེན་མོ་ལུ་ གུས་ཞབས་དང་ བརྩི་བཀུར་མེདཔ་བཟུམ་སྦེ་ མཇལ་ཡི་ཟེར་ བཤད་ཅི།
ད་རེས་ རྫོང་ཁག་༢༠ གི་གྲས་ལས་ གཞལམ་སྒང་དེ་ དབུལ་ཕོངས་ཀྱི་ དཀའ་ངལ་རྒྱ་ཆེ་དྲགས་སྦེ་ཡོད་མི་ རྫོང་ཁག་ཅིག་ཨིནམ་བཞིན་དུ་ མི་སེར་ཚུ་གིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་ལུ་ རེ་བ་བསྐྱེད་མི་དེནི་ གཞུང་སྐྱོང་གི་ གནས་ཡུན་ནང་ འགོ་བཙུགས་མི་ཚུགས་ནི་མས་ཟེར་བཤད་ཅི།
མི་སེར་གྱི་ རེ་བ་༢ པ་དེ་ མཐོ་རིམ་སློབ་གྲྭ་གཞི་བཙུགས་འབད་ནི་ཨིན་མི་དེ་ཡང་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་༢ ཀྱིས་ ཐུགས་ཐག་བཅད་དེ་ འཆར་གཞི་ནང་ ཚུད་ཡོད་རུང་ ད་རེས་ གཞུང་གིས་ བཏོག་བཀོག་ནུག་ཟེར་ཨིན་པས།
དམིགས་གཏད་གསུམ་པ་དེ་ ལྟ་བཤལ་ལུ་བརྟེན་ ཁེ་ཕན་འབྱུང་ཚུགས་པའི་ གནས་སྟངས་ལེ་ཤ་ཡོདཔ་ལས་ གཙོ་རིམ་ཅན་གྱི་ ལས་རིམ་ནང་ ཚུད་ཡོད་རུང་ དེ་ཡང་ གཞུང་གིས་ བཏོག་བཏངམ་ད་ ཁེ་རྒུད་མ་བཏུབ་ཟེར་ལྡོག་ཕྱོགས་འཐུས་མི་ཚུ་གིས་ བཤད་ཅི།
ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ གསར་སྤང་དེ་ ལྷོ་མཚམས་རྫོང་ཁག་ཨིནམ་ལས་ བསྒྱུར་བཅོས་འབད་ཡོདཔ་སྦེ་ ཁུངས་བཀལ་མི་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ དར་དཀར་ནང་ཡང་ ལྷོ་མཚམས་རྫོང་ཁག་མེན་བཟུམ་ཅིག་སྦེ་ ཚོགས་ཁང་ནང་ ཞུ་ཡི་ཟེར་ཨིན་པས།
འདས་པའི་གཞུང་དང་པ་དང་༢ པ་གིས་ ག་ནི་ཡང་ མ་འབད་ཟེར་མི་འདི་ མི་བདེན་ཟེར་ བཤད་མི་དེ་ཡང་ གཞུང་དང་པའི་སྐབས་ འཁོར་ལམ་ག་ར་བསལ་བའི་ཁར་ གློག་མེ་བཀྲམ་སྤེལ་དང་ འགྲུལ་འཕྲིན་གྱི་ཞབས་ཏོག་ སློབ་གྲྭ་གསརཔ་དང་ སྨན་ཁང་ཚུ་ བཟོ་སྐྲུན་འབད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞུང་༢ པ་གིས་ འཕྲོ་མཐུད་དེ་ ཟམ་ལེ་ཤ་གསརཔ་རྐྱབ་པའི་ཁར་ འཁོར་ལམ་རྩི་ནག་བཏང་སྟེ་ འཆར་གཞི་གོང་འཕེལ་གྱི་ ལས་སྣ་ལེ་ཤ་ཅིག་ འབད་ཡི་ཟེར་ཨིན་པས།
འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཁྱད་པར་རྒྱ་ཆེ་དྲགས་སྦེ་ བཟོ་ཡོད་རུང་ འོང་འབབ་བཟོ་ནིའི་ གོ་སྐབས་དེ་ ལྟ་བཤལ་ནང་ ཡོད་མི་དེ་ཡང་ གཞལམ་སྒང་རྫོང་ཁག་ནང་ རྒྱལ་ཡོངས་གླིང་ག་དང་ བྱ་རིགས་ དེ་ལས་ ཤིང་རིགས་མ་འདྲཝ་ལེ་ཤ་ཡོད་ཟེར་ཨིན་པས།
ཨིན་རུང་ འཛུལ་སྒོ་ལུ་བརྟེན་ཨིན་ཟེར་ ཆ་མེད་བཏང་མི་དེ་ ག་དེ་སྦེ་ མཐུན་སྒྲིག་འབད་ཚུགསཔ་ཨིན་ན་ ཧ་གོ་མ་ཚུགས་རུང་ ཉེན་ཁ་ཆེ་ཤོས་ར་ སྲིད་ཀྱི་དབང་ལུ་ཤོར་ཏེ་ གཞུང་གིས་ ཐུགས་ཐག་བཅདཔ་མེན་ན་ཟེར་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་རྐྱངམ་གཅིག་གིས་ མནོ་བསམ་བཏངམ་མེན་པར་ རྫོང་ཁག་གི་ མི་སེར་ཚུ་གིས་མནོ་བསམ་བཏང་ནུག་ཟེར་ མཁས་དབང་པདྨ་རྒྱ་མཚོ་གིས་བཤད་ཅི།
དེ་འབདཝ་ལས་ ལྡོག་ཕྱོགས་ཀྱི་ འདེམས་ཁོངས་ནང་ ཚུད་མི་ག་ར་ ཚ་གྱང་ལང་དགོཔ་ འབྱུང་ནི་ཨིན་མི་དེ་ ཚོགས་ཁང་ནང་ ཚོགས་པའི་འཐུས་མི་ཚུ་གིས་ཞུཝ་ད་ གཞུང་གིས་ འཆར་གཞི་དང་ ལས་རིམ་ག་ར་ བཏོག་གཏང་པ་ཅིན་ དམངས་གཙོའི་རིང་ལུགས་ནང་ ལེགས་ཤོམ་ཨིན་ན་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ དྲི་བཀོད་འབད་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ དཀའ་ངལ་དེ་བཟུམ་ཐོན་མི་དེ་ སྲིད་དོན་ནང་ ཚ་གྱང་སྦོམ་ལང་དགོ་པའི་ འགྱུར་བ་གསརཔ་ཅིག་ཨིན་མི་དེ་ཡང་ སྲིད་ཀྱི་དབང་ལུ་ཐལ་ཏེ་ མི་སེར་གྱི་བར་ན་ ཆགས་དང་ཕྱོགས་རིས་འཐོན་ནི་གི་ ཉེན་ཁ་འདུག་ཟེར་བཤད་ཅི།
ཧེ་མ་འབད་བ་ཅིན་ འཛུལ་སྒོ་༥ ཡོད་མི་དེ་ཡང་ བསམ་གྲུབ་ལྗོངས་མཁར་དང་ ངང་ལམ་ པཱན་སྦང་ དགེ་ལེགས་ཕུག་ དེ་ལས་ བསམ་རྩེ་ཨིན་རུང་ གཞན་ས་གོ་༤ བཏོན་བཏང་སྟེ་ དགེ་ལེགས་ཕུག་རྐྱངམ་གཅིག་ལུ་ ག་ཅི་སྦེ་ གོ་སྐབས་སྤྲོད་དགོཔ་ཨིན་ན་ཟེར་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ བཤད་ཅི།
ཁོ་གི་འབད་བ་ཅིན་ གཞུང་གིས་ ལོག་སྟེ་ར་ བསྐྱར་ཞིབ་གནང་སྟེ་ ཕྱག་ལཱ་གནང་པ་ཅིན་ མི་སེར་གྱི་བར་ན་ གཅིག་སྒྲིལ་དང་ སྤྱི་མཐུན་ ཞི་བདེ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་འགྲུབ་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཞུ་ཡི།
བར་དོ་-ཀྲོང་གི་འཐུས་མི་ མགོན་པོ་ཚེ་རིང་གིས་ སླབ་མིའི་ནང་ གཞུང་གི་ལྟ་བ་དང་ གཞི་རྩ་དེ་ར་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དེ་ཨིནམ་ལས་ དབུལ་ཕོངས་ཁྱབ་ཆེ་དྲགས་དང་ གོང་འཕེལ་མ་འགྱོ་མི་གཞལམ་སྒང་རྫོང་ཁག་ལུ་ རྒྱབ་སྐྱོར་མཛད་ནིའི་རེ་བ་ཡོད་ཟེར་ཨིན་པས།
དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་འབད་བ་ཅིན་ སྤྱི་ཚོགས་དང་པའི་སྐབས་ ལྷོ་མཚམས་བདའ་སྟེ་ འཛུལ་སྒོ་བཟོ་ནིའི་ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ གཞུང་གིས་ ཟླཝ་༦ ཕྱག་ལཱ་གནང་ཞིནམ་ལས་ རྫོང་ཁག་༤ ནང་ གཙོ་ཅན་ལས་རིམ་བཟོ་ནི་གི་ ཐུགས་ཐག་བཅད་ནུག་ཟེར་ཨིན་པས།
གཞུང་གིས་ ཐུགས་ཐག་བཅད་པའི་རྗེས་སུ་ ད་རིས་ གཞལམ་སྒང་རྫོང་ཁག་མེན་པར་ གསར་སྤང་ལུ་ བྱིན་ནི་ཟེར་ ཁྱབ་བསྒྲགས་དང་ གསལ་བསྒྲགས་ དེ་ལས་ སྙན་ཞུ་ག་ནི་ཡང་མེད་པར་ དུས་ཚོད་ཆུང་ཀུ་ཅིག་ནང་ བསྒྱུར་བཅོས་བཏང་མི་དེ་ ཧ་གོ་མ་ཚུགས་ཟེར་ འཐུས་མི་ཨྱོན་དབང་འདུས་ཀྱིས་ བཤད་ཅི།
རྫོང་ཁག་༤ ནང་ ལྟ་བཤལ་ལས་རིམ་གཞི་བཙུགས་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༡ རེ་ བགོ་བཀྲམ་འབད་ཡོདཔ་ད་ གལ་སྲིད་ གཞལམ་སྒང་གི་ འཆར་དངུལ་དེ་ གསར་སྤང་ལུ་ ཁ་བསྒྱུར་གཏང་ནི་ཟེརཝ་ད་ གཞུང་གི་སྲིད་བྱུས་དང་ ཁྲིམས་ལུགས་ལས་འབད་རུང་ སྟབས་མ་བདེཝ་མཇལཝ་མས་ཟེར་ བཤད་ཅི།
འཐུས་མི་ཨྱོན་དབང་འདུས་ཀྱིས་ གཞལམ་སྒང་རྫོང་ཁག་དེ་ འཆར་གཞི་ནང་ ག་ཨིནམ་སྦེ་ བཞག་ཞིནམ་ལས་ གསར་སྤང་དེ་ ཐེབས་སྦེ་བཙུགས་རུང་ མ་བཏུབ་མི་འདུག་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *