གཞུང་སྐྱོང་མཆོག་འགྱུར་གྱི་དམིགས་གཏད་ ངེས་པར་དུ་ འགྲུབ་དགོཔ་ཨིན་ན?

༉ གསོ་བའི་ལྷན་ཁག་གིས་ བློན་ཆེན་དང་གཅིག་ཁར་ གཞུང་སྐྱོང་མཆོག་འགྱུར་རམ་ ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དང་འཁྲིལ་བ་ཅིན་ སྤྱི་ཟླ་༡ པའི་ཚེས་༣༡ ལས་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་༡༨༤ ཡོད་མི་ ཆ་མཉམ་ནང་ ཉུང་ཤོས་ར་ གསོ་བའི་སྨན་པ་ཨམ་སྲུ་རེ་ གཏང་ཚུགསཔ་བཟོ་ནི་གི་ དམིགས་ཡུལ་ཨིན་མས།
འདི་འབདཝ་ད་ ལྷན་ཁག་གིས་ སྨན་གཡོགམོ་ཚུ་ བཏང་མ་ཚུགསཔ་ལས་ དམིགས་གཏད་གྲུབ་མ་ཚུགས་པས། ག་འཆརཔ་ཟེར་བ་ཅིན་ ད་ཚུན་གྱི་བར་ན་ གསོ་བའི་སྨན་པ་ཨམ་སྲུ་མེད་མི་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་ཚུ་ནང་ གཏང་ནིའི་དོན་ལུ་ གསོ་བའི་སྨན་པ་ཨམ་སྲུ་༢༠ དེ་ཅིག་ གདམ་འཐུ་འབད་ཡོད་རུང་ ཁོང་གིས་ ལྷན་ཁག་ལུ་ གནས་སོར་གཏང་ནི་མེདཔ་ཅིག་ འབད་གནང་ཟེར་ ཞུ་གཏུགས་འབད་ནུག།
ཁོང་གིས་ ཞུ་བ་འབད་མི་དེ་ཡང་ གཉེན་འབྲེལ་དང་ བཟའ་ཚང་གི་ གནད་དོན་ཚུ་ལུ་ གཞི་བཞག་སྟེ་ཨིནམ་ད་ ད་ལྟོ་ ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ ཞུ་བ་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་མས།
ད་རུང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ ཨམ་སྲུ་གསོ་བའི་སྨན་པ་༨ གནས་སོར་གཏང་ནི་ཨིན་མི་ལས་༣ གསོ་བའི་གནད་དོན་དང་ མི་མང་གི་ མཐའ་དོན་ལུ་ ཆ་མེད་གཏང་ནི་ཨིནམ་ལས་ གསོ་བའི་ལྷན་ཁག་གིས་ ལས་འབྲེལ་ཆིངས་ཡིག་གི་ དམིགས་གཏད་དེ་ འགྲུབ་མི་ཚུགས་ནི་ཨིནམ་ ཐག་ཆོད་ཨིན་མས།
འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་ཨིན་པའི་ཁར་ གཡུས་སྒོ་ཚུ་ཡང་ ཁ་གཏོར་ཏེ་ཡོདཔ་ལས་ ས་གནས་ཆ་མཉམ་གྱི་ནང་ གསོ་བའི་མཐུན་རྐྱེན་དང་ གསོ་བའི་སྨན་པ་ཚུ་ལངམ་སྦེ་ བགོ་བཀྲམ་འབད་ནི་དེ་ ལཱ་ཁག་ཡོད་པའི་ ནམ་དུས་ལུ་ གཞུང་གིས་ གཞི་རྟེན་སྨན་ཁང་རེ་ནང་ ཨམ་སྲུ་གསོ་བའི་སྨན་པ་རེ་ བཞག་ནི་གི་ དམིགས་གཏད་འབད་མི་དེ་ ལེགས་ཤོམ་ཨིན་མས།
དེ་གི་ནང་དོན་ཉིད་ལས་ ན་ཧིང་ སྤྱི་ཚོགས་༢ པའི་ཚོགས་ཐེངས་༩ པའི་ནང་ བློན་ཆེན་གྱིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ སྙན་ཞུ་ཕུལ་བའི་སྐབས་ལུ་ གཟིགས་སྐོར་སྐབས་ ཨམ་སྲུ་ལེ་ཤ་ཅིག་གིས་ར་ གཞི་རྟེན་སྨན་ཁང་ཚུ་ནང་ ཨམ་སྲུ་ཚུ་ལུ་ སྨན་བཅོས་འབད་མི་ སྨན་གཡོགམོ་ཚུ་ གཏང་དགོཔ་སྦེ་ ཞུ་བ་ཕུལ་ཡོདཔ་བཞིན་དུ་ གཞུང་ལས་ ཨམ་སྲུ་ནདཔ་ཚུ་ སྨན་ཁང་ནང་འགྱོཝ་ད་ སྟབས་བདེ་ཏོག་ཏོ་ འབྱུང་ཐབས་ལུ་ གཞི་རྟེན་སྨང་ཁང་རེ་ནང་ ཉུང་ཤོས་ར་ སྨན་གཡོགམོ་རེ་ཡོདཔ་ ངེས་བརྟན་བཟོ་འོང་ཟེར་གསུངས་ཡི།
འདི་འབདཝ་ལས་ གཞུང་གིས་ གསོ་བའི་ལྷན་ཁག་དང་གཅིག་ཁར་ གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་བཀོདཔ་ད་ སྨན་ཁང་ཚུ་ནང་ སྨན་གཡོགམོ་རེ་ གཏང་ཚུགསཔ་འབད་ནི་གི་ ཁས་ལེན་འབད་བཅུག་མི་ལུ་བརྟེན་ ལག་ལེན་དངོས་བསྟར་ནང་ལྷོདཔ་ད་ དཀའ་ངལ་བྱུང་མི་དེ་ཡང་ འོས་འབབ་མེད་པའི་ དམིགས་གཏད་འབད་ནི་དེ་གིས་ཨིན་མས།
ང་བཅས་ཀྱིས་ གོ་དོ་བཟུམ་འབད་མ་ཅིན་ གཞུང་གི་ལས་སྡེ་ཚུ་གིས་ ཆིངས་ཡིག་བཀོད་མི་དང་འཁྲིལ་ དམིགས་གཏད་འགྲུབ་ཐབས་ལུ་ ལཱ་དེ་ཚུ་ སྤུས་ཚད་ལུ་མ་བལྟ་བར་ ག་ཐོབ་སྦེ་ རྐྱབ་བཅུགཔ་མ་ཚད་ འཆར་གཞི་དང་མ་འཁྲིལ་བའི་ ལཱ་འབདཝ་ད་ སྤུས་ཚད་ལུ་ ཐོ་ཕོགཔ་ཨིན་མས།
གལ་སྲིད་ ལས་སྡེ་གང་རུང་གིས་ དམིགས་གཏད་དང་འཁྲིལ་ གྲུབ་འབྲས་བཏོན་མ་ཚུགས་པ་ཅིན་ ཚགས་ཁར་མ་ཚུད་པའི་གྲངས་སུ་བརྩི་འཇོག་ཐོག་ ལས་འབྲེལ་གྱི་ ཚད་གཞི་དེ་ མར་འབབ་འགྱོཝ་མ་ཚད་ ཞི་གཡོག་པའི་ གོ་གནས་ཡར་སེང་དང་ གོ་སྐབས་གཞན་ཚུ་ལུ་ ཐོ་ཕོགཔ་ཨིན་མས།
ད་རེས་ རྒྱལ་ཁབ་ཀྱི་ གཞི་རྟེན་སྨན་ཁང་ཚུ་ནང་ ཨམ་སྲུ་གསོ་བའི་ལས་བྱེདཔ་རེ་བཞག་དགོཔ་ ངེས་བདེན་ཨིན་རུང་ དགོས་མཁོ་དང་འཁྲིལ་ བགོ་བཀྲམ་འབད་ནི་མེན་པར་ གཞུང་གི་ཁས་བླངས་ཨིན་ཟེར་ དེ་འཕྲོ་ལས་ དམིགས་ཡུལ་འགྲུབ་ཐབས་འབད་ནི་གི་ དཔའ་བཅམ་ད་ གདོང་ལེན་སྦོམ་བྱུང་མི་དང་ ཞི་གཡོགཔ་ཚུ་ སེམས་དང་མ་ལྡནམ་ བཟོ་མི་དེ་ཡང་ རྒྱུ་མཚན་དེ་ལུ་བརྟེན་ཨིན་མས།
འདི་འབདཝ་ལས་ དམིགས་གཏད་ཚུ་ འགྲུབ་མ་ཚུགསཔ་ད་ དཀའ་ངལ་སྦོམ་ཅིག་ མི་མཐོང་དོ་ཡོདཔ་ཨིན་རུང་ ང་བཅས་ལུ་ ག་ཅི་ཁག་ཆེ་ནི་སྨོ་ཟེར་བ་ཅིན་ སྲིད་བྱུས་རྩམ་མི་དང་ སྲིད་དོན་པ་ཚུ་གིས་ སྲིད་བྱུས་དང་ འཆར་གཞི་ཚུ་བརྩམ་ད་ དམིགས་གཏད་འགྲུབ་ཚུགས་པའི་ འོས་འབབ་ཚུ་ལུ་ གཞི་བཞག་ནི་དེ་ ཁག་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *