གཞུང་སྐྱོང་མཆོག་འགྱུར་ནང་ རྫོང་ཁའི་ཡིག་འགྲུལ་ལག་ལེན་གྱིས་ ཕན་ཁྱད་བཟོ་ཚུགས་འོང་ག?

༉ ད་རེས་ནངས་པར་ འབྲུག་ལུ་ གཞུང་འབྲེལ་ཞབས་ཏོག་གི་ ཁ་སྐད་དེ་ ཨིང་སྐད་ཤུགས་ཆེ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ཐུན་མོང་མ་ཡིན་པའི་ ངོ་རྟགས་ཅིག་ཨིན་མི་ རྒྱལ་ཡོངས་སྐད་ཡིག་ལུ་ བརྩི་མཐོང་མེད་པར་ སྣང་ཆུང་སྦེ་ར་ ལུས་ཡོདཔ་ལས་ སེམས་ཕམ་པའི་ གཞི་གནད་ཅིག་ཨིན་མས།
གནས་སྟངས་སྐྱོ་སི་སི་ཅིག་ནང་ ལྷོད་མི་དེ་ཡང་ སྲིད་སྐྱོང་པ་ཚུ་གི་ཧོངས་ལས་ རྒྱབ་སྐྱོར་དང་ ངོས་ལེན་མེད་པའི་ སྐྱོན་ལུ་བརྟེན་ འོང་ནི་མས།
མ་གཞི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ འབྲེལ་ཡོད་ལས་སྡེ་གཞན་ཚུ་གིས་ རྫོང་ཁའི་འབྲི་ལྷག་ཤེས་ཡོན་ དར་ཁྱབ་དང་ ཡར་རྒྱས་གཏང་ཐབས་ལུ་ ཐབས་ཤེས་འདྲ་མིན་སྣ་ཚོགས་ བཏོན་བཞིན་དུ་ཡོད་རུང་ གཞུང་གི་ལས་སྡེ་ཚུ་ལས་ ལག་ལེན་གྱི་ ངོས་ལེན་མེདཔ་ལས་ རྫོང་ཁ་ཡར་དྲག་གཏང་ནི་ལུ་ ཐོ་ཕོགཔ་ཨིན་མས།
ད་རུང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་འབྲི་ལྷག་ ཡར་དྲག་གཏང་ཐབས་ལུ་ ཐབས་ཤེས་གསརཔ་ཅིག་ བཏོན་མི་དེ་ཡང་ རྩིས་ལོ་༢༠༡༩-༢༠ ལས་ གཞུང་འབྲེལ་ཡིག་ཚང་བཀའ་རྒྱའི་རིགས་ཚུ་ ངེས་པར་དུ་ རྫོང་ཁ་ནང་ གཏང་དགོཔ་སྦེ་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ནང་ གྲུབ་འབྲས་བརྡ་སྟོན་གཙོ་ཅན་སྦེ་ བཞག་སྟེ་འདུག།
ལས་འབྲེལ་ཆིངས་ཡིག་དེ་ ད་ལྟོ་ བློན་ཆེན་དང་ མཚན་རྟགས་མ་བཀོད་པར་ཡོད་རུང་ མཚན་རྟགས་བཀོད་ཞིནམ་ལས་ གཞུང་གི་ལྷན་ཁག་དང་ ལྷན་ཚོགས་ ལས་ཁུངས་ ལས་སྡེ་ཁག་གིས་ ཡིག་ཚང་བཀའ་རྒྱ་ དཔེར་ན་ བསྐོ་བཞག་དང་ གནས་སོར་ འགན་གྲོལ་ དེ་ལས་ གོ་གནས་ཡར་སེང་དང་ སྤྱིར་བཏང་ཡིག་ཚང་གི་ བཀའ་རྒྱ་ཚུ་ རྫོང་ཁའི་ཐོག་ལུ་ གཏང་དགོཔ་ཨིན་མས།
གལ་སྲིད་ ལས་སྡེ་ཁག་གིས་ རང་སོའི་ལས་འབྲེལ་བརྡ་སྟོན་གཙོ་ཅན་ནང་ གསལ་བཀོད་འབད་མི་དང་འཁྲིལ་ ངོས་ལེན་མ་འབད་བ་ཅིན་ གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་ཚད་གཞི་ བརྒྱ་ཆ་༢ བཞག་མི་དེ་ བཏོག་གཏང་ནི་ཨིནམ་ལས་ སྤྱིར་བཏང་ལས་འབྲེལ་ལུ་ ཐོ་ཕོག་ནི་ཨིན་མས།
རྫོང་ཁའི་ཡིག་འགྲུལ་ཚུ་ ངེས་པར་དུ་ ལག་ལེན་འཐབ་དགོཔ་ བཟོ་མི་དེ་ཡང་ འདས་པའི་ཉམས་མྱོང་ཚུ་དང་འཁྲིལཝ་ད་ ཐབས་ལམ་ག་དེ་སྦེ་ར་བཏོན་རུང་ སྲིད་སྐྱོང་དང་ གཞུང་གི་ལས་སྡེ་ཁག་གི་ དབུ་ཁྲིད་དང་ འགོ་འཛིན་ཚུ་གི་ ཤེས་ཡོན་རྒྱབ་ཁུངས་ ཨིང་སྐད་འབདཝ་ལས་ མཐར་འཁྱོལ་མ་ཚུགས་པས།
སྤྱི་ལོ་༢༠༡༧ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཡིག་འགྲུལ་དང་ གསལ་བསྒྲགས་ བཀའ་རྒྱ་ཚུ་ནང་ གཙོ་རིམ་བཟུང་སྟེ་ རྫོང་ཁ་དང་ ཨིང་སྐད་ཐོག་ལས་ ལག་ལེན་འཐབ་ཡོད་མེད་སྐོར་ བརྟག་ཞིབ་འབདཝ་ད་ སྤྱིར་སྙོམས་ནང་ བརྒྱ་ཆ་༡༠ རྐྱངམ་གཅིག་གིས་ རྫོང་ཁ་ནང་ ལག་ལེན་འཐབ་པའི་ མངོན་གསལ་བྱུང་ནུག།
རྫོང་ཁའི་འབྲི་ལྷག་ཡར་རྒྱས་གཏང་ནི་དེ་ སྤྱི་ལོ་༡༩༧༡ ལས་ འགོ་བཙུགས་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༣ ལས་གཞུང་འབྲེལ་གྱི་ ཞལ་འཛོམས་དང་ གྲོས་འཛོམས་ དེ་ལས་ དམིགས་བསལ་དུ་ མི་སེར་ཚུ་ཡོད་པའི་སྐབས་ གསལ་བཤད་ཚུ་ རྫོང་ཁའི་ཐོག་ལུ་ སླབ་དགོཔ་སྦེ་ བཀའ་ཤོག་དང་ བཀའ་རྒྱ་ཚུ་ ལན་ཐེངས་༡༥ དེ་ཅིག་གནང་རུང་ ཨིང་སྐད་ཐོག་ལུ་ར་ ཤུགས་བཏོན་སྡོད་ནུག།
ད་རུང་ སྤྱི་ལོ་༢༠༡༧ ལུ་ རྫོང་ཁ་གོང་འཕེལ་དང་འབྲེལ་བའི་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ད་ འདས་པའི་གཞུང་གིས་ ཞལ་འཛོམས་དང་ གྲོས་བསྡུར་གྱི་རིགས་ཚུ་ རྫོང་ཁ་ནང་ར་ འབད་ནི་སྦེ་ ཁས་ལེན་འབད་ཡོད་རུང་ ཞལ་འཛོམས་མཇུག་བསྡུ་བའི་ཤུལ་ལུ་ བརྗེད་བརྫུ་བཏབ་བཞུགས་མི་དེ་ སྲིད་སྐྱོང་ལས་ རྒྱབ་སྐྱོར་མེད་པའི་ རྟགས་ཨིན་མས།
སྲིད་སྐྱོང་གིས་ ཁ་དང་ལགཔ་ རྟགས་མཐུན་ཚུགསཔ་ བཟོ་ནི་ཨིན་པ་ཅིན་ ལས་འབྲེལ་ཆིངས་ཡིག་དང་འཁྲིལ་ དང་ལེན་མ་འབད་མི་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་དམ་སྒྲིང་འབད་དགོ།
དེ་བཟུམ་སྦེ་ དབུ་ཁྲིད་ཚུ་ལས་འགོ་བཟུང་ མིག་དཔེ་མ་སྟོན་པ་ཅིན་ གཞུང་སྐྱོང་མཆོག་འགྱུར་ནང་ རྫོང་ཁའི་ཡིག་འགྲུལ་ ངེས་པར་དུ་ ལག་ལེན་འཐབ་དགོཔ་སྦེ་འཁོད་རུང་ དེ་གིས་ ཕན་ཁྱད་བཟོ་མི་ཚུགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *