པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ དྲི་བཀོད་ཞུ་བའི་བསྒང་།

གཞུང་སྐྱོང་དང་ལྡོག་ཕྱོགས་ཀྱིས་ སྤྱི་སྙོམས་དཔལ་འབྱོར་གྱི་ གྲོས་བསྡུར་འབད་ཡོདཔ།

༉ ཁ་ཙ་ ཚོགས་ཐེངས་༡༡ པའི་ དྲི་བཀོད་ལས་རིམ་དང་པའི་ནང་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས ལོ་ལྔའི་སྤྱི་སྙོགས་དཔལ་འབྱོར་ཡར་འཕར་ བརྒྱ་ཆ་༧.༢ དེ་ཅིག་ཨིན་རུང་ ད་ལྟོའི་གཞུང་གིས་ སྐུལ་བསྒྲགས་འབད་བའི་སྐབས་ཀྱི་ གཞུང་སྐྱོང་མི་སྦེ་འཐོབ་པ་ཅིན་ དཔལ་འབྱོར་ཡར་འཕར་བརྒྱ་ཆ་༡༠ གཏང་ཚུགསཔ་འབད་ནི་ཨིན་ཟེར་ ཁས་བླངས་འབད་ཡོད་རུང་ ད་རེས་ གཞུང་གི་གནས་ཡུན་ཚང་རན་རུང་ བརྒྱ་ཆ་༥ ལྷགཔ་ཅིག་ལས་ མ་འགྲུབ་པས་ཟེར་ཨིན་པས།
གྲུབ་འབྲས་དེ་ འཐུས་མི་གིས་འབད་བ་ཅིན་ གཞུང་གིས་ ཁས་བླངས་ཕུལ་མི་ལས་ ཕྱེད་ཀ་ཨིནམ་ལས་ ཚར་ཁ་ཚུད་པའི་གྲས་ཁར་མེན་པར་ འཐུས་ཤོར་བའི་རྟགས་མཚན་ཨིནམ་ལས་ བློན་ཆེན་གྱིས་ ངོས་ལེན་ཡོད་པ་ཅིན་ ཁོ་རའི་དྲི་བ་ལུ་ བཏུབ་ཟེར་བའི་ ལན་གཅིག་སླབ་རུང་ ངོས་ལེན་ཡོད་ཟེར་ཞུ་ཡི།
དེ་མ་ཚད་ འཐུས་མི་གིས་ སྤྱི་ལོ་༢༠༡༠ ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ དཔལ་འབྱོར་ཡར་འཕར་ བརྒྱ་ཆ་༡༡.༧༣ བཏང་ཚུགས་མི་དེ་ མཐོ་ཤོས་ཨིན་རུང་ གཞུང་གིས་༢༠༡༦ ལུ་ མཐོ་ཤོས་བརྒྱ་ཆ་༨ དེ་ཅིག་ལས་ བཏང་མ་ཚུགས་མི་དེ་ འཐུས་ག་དེ་སྦེ་ ཤོར་ཤོརཝ་ཨིན་ན་ཟེར་ཞུ་བའི་ཁར་ འཆར་གཞི་༡༠ པའི་ནང་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༡༤༥ ལས་མེད་རུང་ གྲུབ་འབྲས་ལེགས་ཤོམ་ཐོན་ཚུགས་ཡོད་རུང་ གཞུང་གིས་ འཆར་དངུལ་ཐེར་འབུམ་༢༡༣ ཡོད་རུང་ གྲུབ་འབྲས་དེ་ཅིག་ འཐོན་མ་ཚུགས་པས་ཟེར་ཞུ་ཡི།
གྲུབ་འབྲས་མ་ཐོན་མི་དེ་ ཟད་འགྲོ་ཆུད་ཟོས་སོང་བའི་ཁར་ རྒྱལ་ཁབ་ནང་ གློག་མེ་འཕྲུལ་ཁང་འགོ་བཙུགས་མ་ཚུགས་ གསུམ་པ་ཟེརཝ་ད་ བཟོ་གྲྭ་འཕྲུལ་ཁང་གསརཔ་ཅིག་ཡང་ འགོ་བཙུགས་མ་ཚུགསཔ་ལས་ ལཱ་གཡོག་སྤྲོད་མ་ཚུགས་པའི་ཁར་ རྒེད་འོག་ནང་ རྩི་ནག་ཡང་ བཏང་མ་ཚུགས་པར་ལུས་མི་དེ་ རྒྱུ་མཚན་དེ་ལུ་བརྟེན་ཨིནམ་སྦེ་ ཚོར་ཡི་ཟེར་ཞུ་ཡི།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འཐུས་མི་གི་དྲི་བ་དེ་ ཁག་ཆེ་རུང་ འཐུས་ངོ་མ་ར་ སྤུ་ན་གཙང་ཆུ་དང་པ་དེ་ སྤྱི་ལོ་༢༠༡༥ ཟླ་༡༢ པའི་ནང་ལས་ མཇུག་བསྡུ་དགོཔ་ཨིན་རུང་ ཧེ་མའི་གཞུང་གིས་ གློག་མེའི་ཆུ་རྫིང་རྐྱབ་ས་ལུ་ འཆར་གཞི་ལེགས་ཤོམ་སྦེ་ མ་འབད་ནི་དེ་གིས་ སྤྱི་ལོ་༢༠༡༣ ལུ་ སའི་འགྱམ་ལུ་ སྟབས་མ་བདེཝ་ཐོན་ཏེ་ ལཱ་ཕྱིས་དགོཔ་འཐོན་ནི་དེ་གིས་ ད་རེས་ཡང་ མཇུག་བསྡུ་མ་ཚུགས་པའི་ཁར་ ཟད་འགྲོ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ར་ ཐེབས་གཏང་དགོཔ་ཐོན་མི་དེ་ཡང་ སེམས་ཁར་བཞག་དགོ་ཟེར་ཞུ་ཡི།
ལས་འགུལ་གྱི་ལཱ་ཚུ་ ད་ལྟོ་ཡང་ ལེགས་ཤོམ་སྦེ་ འགྲུབ་མ་ཚུགས་པའི་ཁར་ ལཱ་བརྒྱ་ཆ་༨༥ ལས་ འགྲུབ་མ་ཚུགས་པར་ཡོདཔ་ལས་ སྤྱི་༢༠༢༣ ཚུན་འགོར་ནི་བཟུམ་ཡོད་མི་དེ་ཡང་ གཙོ་བོ་ར་ ཧེ་མའི་ གཞུང་ལུ་བརྟེན་ཨིན་ཟེར་ཞུ་ཡི།
ལས་འགུལ་དེ་ འཆར་གཞི་དང་འཁྲིལ་༢༠༡༥ ལུ་ མཇུག་བསྡུ་ཚུགས་པ་ཅིན་ སྤྱི་སྙོམས་དཔལ་འབྱོར་དེ་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༡༠ མ་ཚད་ བརྒྱ་ཆ་༡༥ ལུ་ཡང་ ཡར་སེང་འབད་ཚུགས་ནིའི་ འོས་འབབ་ཡོད་ཟེར་ བློན་ཆེན་གྱིས་ཞུ་ཡོདཔ་ད་ སྤྱི་ལོ་༢༠༡༣ ལུ་ ཧེ་མའི་གཞུང་གི་སྐབས་ལུ་ དཔལ་འབྱོར་ཡར་འཕར་དེ་ བརྒྱ་ཆ་༢.༡ ལས་མེད་མི་དེ་ རྒྱལ་རབས་ནང་ དམའ་ཤོས་ཨིནམ་ལས་ དེ་ཡང་ འདས་པའི་གཞུང་གི་སྐབས་ལུ་ཨིནམ་ ཤེས་དགོ་ཟེར་ཞུ་ཡི།
དེ་མ་ཚད་ འདས་པའི་གཞུང་གི་སྐབས་ལུ་ དཔལ་འབྱོར་གྱི་གནས་སྟངས་ལུ་ དཀའ་ངལ་ཐོན་ནི་དེ་གིས་ བཟོ་སྐྲུན་ཁག་འབགཔ་ཚུ་གི་ ས་རྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཊར་ཚུ་ ལཱ་མ་འཐོབ་པའི་དཀའ་ངལ་སྦོམ་སྦེ་ར་ ཐོན་ཡོད་མི་དེ་ཡང་ ཤེས་དགོཔ་གལ་ཆེ་ཟེར་ བློན་ཆེན་གྱིས་ཞུ་ཡོདཔ་ད་ རུ་པའི་དཀའ་ངལ་ཐོན་ཏེ་ ཕྱི་ཁར་ལས་ སྐྱིན་འགྲུལ་ལེན་རུང་ ལང་མ་ཚུགས་པའི་དཀའ་ངལ་ཐོན་ཡོདཔ་ལས་ འདས་པའི་གཞུང་གི་སྐབས་ལུ་ དཔལ་འབྱོར་ཡར་འཕར་མཐོ་ཤོས་རྐྱངམ་གཅིག་མེན་པར་ དམའ་ཤོས་དེ་ཡང་ སེམས་ཁར་བཞག་དགོ་ཟེར་ཞུ་ཡི།
སྤྱི་ལོ་༢༠༡༧ དང་༢༠༡༨ ལུ་ དཔལ་འབྱོར་ཡར་འཕར་འགྱོ་མི་དེ་ འཛམ་གླིང་ནང་ མགྱོགས་དྲགས་འགྱོ་མི་ དྲག་ཤོས་༡༠ གྲས་ཁར་ འབྲུག་རྒྱལ་ཁབ་ཚུད་དེ་ཡོད་ཟེར་ བློན་ཆེན་གྱིས་ ཚོགས་དམངས་ལུ་ཞུ་ཡོདཔ་ད་ སྤྱི་ལོ་༢༠༡༢ ཀྱི་ནང་འཁོད་ དཔལ་འབྱོར་ཡོངས་བསྡོམས་དེ་ དངུལ་ཀྲམ་ཐེར་འབུམ་༩༨ དེ་ཅིག་དང་༢༠༡༣ ལུ་ དངུལ་ཀྲམ་ཐེར་འབུམ་༡༠༠ དེ་ལས་ སྤྱི་ལོ་༢༠༡༦ ལུ་ དངུལ་ཀྲམ་ཐེར་འབུམ་༡༤༨ ལུ་ ཡར་སེང་འབད་ཡོདཔ་ད་ སྤྱི་ལོ་༢༠༡༧ དང་༢༠༡༨ དེ་ དཔལ་འབྱོར་གཞི་བཀོད་ཚོགས་ཆུང་གིས་ལྟཝ་ད་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ཐེར་འབུམ་༡༧༠ དང་ སྤྱི་ལོ་༢༠༡༨ ལུ་ དངུལ་ཀྲམ་ཐེར་འབུམ་༡༩༩ ལུ་ ཡར་སེང་འབད་ཚུགས་ནི་མས་ཟེར་སླབ་སྟེ་ ཡོད་ཟེར་ཞུ་ཡི།
སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་ དཔལ་འབྱོར་ལེགས་ཤོམ་མེད་པའི་འབྱེམ་དེ་ སྤྱི་ལོ་༢༠༡༣ ལུ་ ཕོག་སྟེ་འབད་རུང་ བརྒྱ་ཆ་ཡར་འཕར་འགྱོ་མི་དེ་ སོ་ནམ་དང་སྒོ་ནོར་གྱི་ཐོན་སྐྱེད་དེ་ འདས་པའི་ལོ་༤ འི་ནང་འཁོད་ལུ་ གནམ་མེད་ས་མེད་ ཡར་སེང་སོང་ཡོད་པའི་ཁར་ འཆར་གཞི་༡༠ མཇུག་བསྡུཝ་ད་ ལོ་རེ་ལུ་ སོ་ནམ་དང་སྒོ་ནོར་ལུ་བརྟེན་ ཐོན་སྐྱེད་དངུལ་ཀྲམ་ཐེར་འབུམ་༡༧ བཟོ་ཚུགས་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༤༠ ལྷག་ཡོད་མི་དེ་གིས་ མི་སེར་ལུ་ ཕན་ཐོགས་ཏེ་ཡོད་ཟེར་ཞུ་ཡི།
དེ་གིས་མ་ཚད་ སྤྱི་ལོ་༢༠༡༤ ལས་ཚུར་ ས་རྐོ་འཕྲུལ་ཆས་དང་ སྣུམ་འཁོར་ཊཱག་ཚུ་ཡང་ ལཱ་འཐོབ་མ་ཚུགས་པར་ཡོད་ཟེར་ བློན་ཆེན་གྱིས་ཞུ་བའི་ཁར་ ཤར་ཕྱོགས་ལས་ ནུབ་ཕྱོགས་ཀྱི་གཞུང་ལམ་རྒྱ་སྐྱེད་འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༦ དེ་ཅིག་གནས་མི་དེ་ལུ་ ཁག་འབགཔ་༤༤ གིས་ ལཱ་འབད་དོ་ཟེར་ཞུ་ཡོདཔ་ད་ རྒེད་འོག་ལྟེ་བའི་ལམ་དེ་ཡང་ ཁག་འབག་༡༢༠ ལུ་ སྤྲོད་ཡོདཔ་ལས་ ལཱ་ཚུ་འབད་དོ་ཟེར་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ འཐུས་མི་གིས་ འཆར་གཞི་༡༡ པའི་སྐོར་ལས་ གྲུབ་འབྲས་མིན་འདུག་ཟེར་སླབ་ད་ ཞི་གཡོགཔ་ཚུ་ལུ་ སེམས་ཁར་ཕོག་འོང་ཟེར་ཨིནམ་ད་ འཆར་གཞི་༡༡ པའི་གྲུབ་འབྲས་དེ་ རྒྱ་ཆེ་དྲགས་སྦེ་ བཏོན་ཚུགས་མི་དེ་ཡང་ གཙོ་བོ་ར་ ཞི་གཡོགཔ་ཚུ་གིས་ གཞུང་གི་བློན་པོ་དང་ བློན་ཆེན་ཁོ་ར་ གསརཔ་འབད་ནི་དེ་གིས་ ངོ་མ་ཤེས་རུང་ གུས་ཞབས་ཐོག་ལས་ ལཱ་འབད་བའི་གྲུབ་འབྲས་ཨིན་ཟེར་ ཞུ་ཡི།
ཁྲལ་གྱི་ཐད་ཁར་ འཆར་གཞི་༡༠ པའི་ནང་ དངུལ་ཀྲམ་ཐེར་འབུམ་༥༨ ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ཐེར་འབུམ་༡༠༢ ལུ་ ཡར་སེང་འབད་ཚུགས་ཏེ་ཡོད་ཟེར་ཨིན་པའི་ཁར་ སྒེར་གྱི་འོང་འབབ་ཁྲལ་ཕོག་པའི་ཚད་ཡང་ ཡར་སེང་འབད་མི་དེ་གིས་ ཁྲལ་བཏབ་དགོ་མི་ཚུ་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཞུ་ཡི།
གཞུང་གིས་ ཕྱིའི་མ་དངུལ་གསོག་འཇོག་དེ་ཡང་ སྤྱི་ལོ་༢༠༡༢ ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༩༢༠ ཡོད་མི་དེ་ ད་རེས་ ཐེར་འབུམ་༡༢༠ གུ་ ཡར་སེང་འབད་ཚུགས་ཏེ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *