གཞུང་སྐྱོང་གིས་ ཇ་པཱན་ལུ་སོང་མི་ འབྲུག་པའི་ན་གཞོན་ཚུ་གི་ དཀའ་ངལ་སེལ་དགོཔ།

༉ དཔེ་ཆ་ལྷབ་ནི་དང་འབྲེལ་ ལཱ་འབད་ནིའི་ལས་རིམ་ནང་ འབྲུག་པའི་ན་གཞོན་ཚུ་ ཇ་པཱན་རྒྱལ་ཁབ་ནང་ དཀའ་ངལ་བྱུང་བཞིན་ཡོད་མི་དེ་ སེལ་ཐབས་ཀྱི་དོན་ལུ་ གཞུང་སྐྱོང་གིས་ འགན་ཁུར་འབག་དགོཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༧ ལུ་ ལྡོག་ཕྱོགས་ཚོགས་པ་དང་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ཚུ་གིས་ བཤདཔ་ཨིན་མས།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ ཟད་འགྲོ་གཏང་མ་དགོ་པའི་ ས་གོ་ཚུ་ནང་ཡང་ ཟད་འགྲོ་བཏང་དོ་ཡོདཔ་ལས་ ཇ་པཱན་ལུ་ཡོད་མི་ ན་གཞོན་ཚུ་ འབྲུག་པའི་ཨ་ལོ་ཨིནམ་ལས་ ཁོང་གི་ སྟབས་མ་བདེཝ་བསལ་ནིའི་འགན་ཁུར་དེ་ ཐད་ཀར་དུ་ གཞུང་ལུ་ ཕོགཔ་ཨིན་ཟེར་ཨིན་པས།
དེ་ཡང་ རབ་ཏུ་འབྱུང་པ་ཅིན་ གཞུང་གིས་ ན་གཞོན་ཚུ་གི་སྐྱིན་འགྲུལ་ དངུལ་ཀྲམ་༧༠༠,༠༠༠ རེ་ ལེན་ཡོད་མི་དེ་ སློབ་གཉེར་གྲོགས་རམ་གུ་ གཞི་བཞག་སྟེ་ དགོངས་ཡངས་གཏང་ནི་དང་ ཐབས་ལམ་༢ པ་དེ་ སྐྱིན་འགྲུལ་བཏབ་ནིའི་ དུས་ཚོད་ཕར་འགྱངས་འབད་བའི་ཁར་ སྐྱེད་མ་ཕོགཔ་སྦེ་ ཞུ་ཡི་ཟེར་ཨིན་པས།
གཞུང་གིས་ ཇ་པཱན་རྒྱལ་ཁབ་ནང་ གནད་དོན་ཚུ་ ཞིབ་དཔྱད་འབད་དེ་ ལོག་འབྲུག་ལུ་ལྷོད་པའི་ཤུལ་ལས་ སྐྱིན་འགྲུལ་བཏབ་ནིའི་ དུས་ཡུན་ཕར་འགྱངས་འབད་མི་ལུ་ ཕམ་དང་ ཨ་ལོ་ཚུ་ ལྡོག་ཕྱོགས་ཚོགས་པའི་ ཡིག་ཚང་ནང་མ་འོང་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ཕམ་དང་ ན་གཞོན་ཚུ་གིས་ ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ ཞིབ་དཔྱད་འབད་དགོཔ་སྦེ་ བཅར་བའི་ཤུལ་ལས་ ཁེ་རྒུད་མ་བཏུབ་སྦེ་ ཧ་གོ་ཡི་ཟེར་ཨིན་པས།
དཀའ་ངལ་ཚབས་ཆེན་དེ་ལུ་བརྟེན་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་ལུ་ཡང་ གནོད་ཉེན་ཡོདཔ་ལས་ ད་ལྟོའི་ གནས་སྟངས་ལས་འབད་རུང་ གཞུང་གིས་ར་ དཀའ་ངལ་བསལ་བ་ཅིན་ མི་དྲག་ག་ཟེར་ཨིནམ་ད་ ཁོང་ན་གཞོན་ཚུ་གིས་ དཔེ་ཆ་ལྷབ་སྟེ་ མ་འོངས་རྒྱལ་ཁབ་ལུ་ ཕན་ཐོགས་འབྱུང་ཚུགས་ནིའི་འོས་འབབ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ ན་གཞོན་དང་ ཕམ་ཚུ་གི་ཧོངས་ལས་ ལྡོག་ཕྱོགས་ཚོགས་པ་འཛུལ་ཏེ་ ཁྲིམས་ཁང་ནང་ བསྐྱལ་ནིའི་ལམ་ལུགས་མེདཔ་ལས་ ཉམས་རྒུདཔ་ཚུ་གིས་ ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་མི་གིས་ ཁེ་ཕན་འཐོབ་ནི་འོང་ཟེར་ བཤདཔ་ཨིན་པས།
པཱན་སྦང་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ ཕམ་དང་ ན་གཞོན་ཨ་ལོ་༣༠ ལྷགཔ་ཅིག་གིས་ གཞུང་ལུ་ ཞུ་གཏུགས་མ་འབད་བའི་ཧེ་མར་ གནད་དོན་དེ་གི་ཐོག་ལུ་ ཚོགས་འདུའི་འཐུས་མི་གི་ ཡིག་ཚང་ནང་ འཐུས་མི་དང་གཅིག་ཁར་ ཕྱད་ཅི་ཟེར་ཨིན་པས།
ཕམ་དང་ན་གཞོན་ཚུ་གི་ དཀའ་ངལ་ཚབས་ཆེན་གྱི་སྐོར་ལས་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་འབད་སར་ མ་འོང་པའི་ཧེ་མ་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ཁྱབ་བསྒྲགས་འབད་ཡོདཔ་མ་ཚད་ དེ་གི་སྔ་གོང་ལུ་ བློན་ཆེན་དང་ མཇལ་ཕྲད་ཞུ་ནི་སྦེ་བསྒུགས་རུང གོ་སྐབས་གནང་མ་བཏུབ་མི་ལུ་བརྟེན་ ལྡོག་ཕྱོགས་ཚོགས་པ་དང་ མཇལ་ཕྲད་གནང་ནི་སྦེ་ འོང་ནུག་ཟེར་ཨིན་པས།
ན་གཞོན་དང་ ཕམ་ཚུ་གིས་ གཞུང་ལུ་ མ་བཅར་བའི་ཧེ་མར་ ལྡོག་ཕྱོགས་ཚོགས་པ་ལུ་ བཅར་ཡོདཔ་ལས་ མ་དགའཝ་བསྐྱེད་ཡོདཔ་མ་ཚད་ ལས་གཡོག་བློན་པོ་གིས་ ཉམས་རྒུདཔ་ཚུ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་དཀའ་ངལ་དེ་ ལྡོག་ཕྱོགས་ཚོགས་པ་གིས་བསལ་ནི་ཨིནམ་ལས་ ལྡོག་ཕྱོགས་འབད་སར་སོང་ཟེར་ ཁ་ཉེས་བཀལ་ཏེ་འདུག་ཟེར་ བཤདཔ་ཨིན་མས།
ད་ལྟོའི་ དཀའ་ངལ་ཚབས་ཆེན་གུ་ལྷོད་མི་དེ་ འཐུས་མི་རྡོ་རྗེ་དབང་འདུས་དང་འཁྲིལ་བ་ཅིན་ གནས་སྐབས་ གཞུང་གིས་ རྒྱལ་ཁམས་ལུ་ དཀའ་ངལ་གྱི་གནད་དོན་༢༥ གི་གྲས་ལས་ ཇ་པཱན་ལུ་ དཔེ་ཆ་ལྷབ་ནི་དང་ ལཱ་གཡོག་འབད་ནིའི་ལས་རིམ་ གནད་དོན་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ སྙན་ཞུ་ཕུལ་བའི་ལན་ལུ་ དེ་འཕྲོ་ལས་ བསལ་དགོཔ་སྦེ་ བཀའ་རྒྱ་གནང་སྟེ་ཡོད་རུང་ གཞུང་གིས་ ངོས་ལེན་མཛད་མ་བཏུབ་མི་ལུ་བརྟེན་ བྱུང་ཡི་ཟེར་ཨིན་པས།
གནས་སྐབས་གཞུང་གིས་ ལས་རིམ་དེ་གུ་ དཀའ་ངལ་སེལ་ཐབས་ཀྱི་ རྒྱབ་སྣོན་དང་ གྲོས་འབུལ་ཕུལ་མི་ སྙན་ཞུ་ལྟར་དུ་ གཞུང་གིས་ ཕྱག་ལཱ་གནང་པ་ཅིན་ རྒྱལ་ཁབ་༢ ཀྱི་ ལཱ་གཡོག་སྤྲོད་མི་ ལས་སྡེ་༢ ལུ་ཡང་ དཀའ་ངལ་མ་འབྱུང་པའི་ཁར་ ན་གཞོན་དང་ ཕམ་ཚུ་ལུ་ཡང་ བྱ་སྟབས་བདེ་དོ་འོང་ཟེར་ བཤད་ཅི།
ཇ་པཱན་ལུ་སོང་མི་ ལྡོག་ཕྱོགས་ཚོགས་པ་ལས་ འཐུས་མི་སྦེ་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ སྡེ་ཚན་ཅིག་གིས་ ཇ་པཱན་ལུ་ ན་གཞོན་༣༠༠ ལྷགཔ་ཅིག་དང་ ཕྱད་ཚུགས་ཡོདཔ་ལས་ དཀའ་ངལ་ཚབས་ཆེན་ཡོད་པའི་སྐོར་ལས་ ཤེས་རྟོགས་བྱུངམ་མ་ཚད་ གཞུང་༢ པའི་སྐབས་ཀྱི་ གནད་དོན་ཨིན་ཟེར་ བཤད་ཅི།
དེ་ཡང་ སློབ་གཉེར་གྱི་འཐུས་དྲགས་པའི་ཁར་ དཔེ་ཆ་ལྷབ་མ་ཚུགས་མི་ དེ་ལས་ དུས་ཚོད་ཁར་ སྐྱིན་འགྲུལ་ བཏབ་མ་ཚུགས་པའི་གནད་དོན་དང་ ལཱ་གཡོག་སྤྲོད་མི་ལས་སྡེ་༢ ཀྱིས་ འཐུས་ཚད་ལས་བརྒལ་ལེན་མི་ལུ་བརྟེན་ དཀའ་ངལ་ཐོན་ནུག་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ གནས་སྐབས་གཞུང་གིས་ གྲོས་འབུལ་ཕུལ་མི་ ལྟར་དུ་ གཞུང་གིས་ སློབ་གཉེར་གྲོགས་རམ་ལུ་ གཞི་བཞག་སྟེ་ ན་གཞོན་ཚུ་གི་ སྐྱིན་འགྲུལ་ཕྱེད་ཀ་ གཞུང་གིས་བཏབ་ནི་དང་ ཕྱེད་ཀ་ན་གཞོན་ཚུ་གིས་ བཏབ་ནི་ཨིན་རུང་ དེ་གི་དམིགས་གཏད་ ལེགས་ཤོམ་མིན་འདུག་ཟེར་ ཨིན་པས།
ཞིབ་དཔྱད་འབད་ནིའི་དོན་ལུ་ གཞུང་སྐྱོང་དང་གཅིག་ཁར་ ཇ་པཱན་རྒྱལ་ཁབ་ནང་ ལྡོག་ཕྱོགས་ཚོགས་པ་ལས་ འཐུས་མི་བཏང་དོ་བཟུམ་ འདས་པའི་གཞུང་སྐྱོང་གི་སྐབས་ གོ་སྐབས་ལེན་མ་ཚུགས་ཟེར་ ཨིན་པས།
གཞུང་གི་ཁ་ཐུག་ལས་ འབད་ཚུགས་ཚུགསཔ་ཅིག་ རྒྱབ་སྐྱོར་འབད་བའི་བསྒང་ཡོད་མི་དེ་ ཕམ་དང་ ན་གཞོན་ཚུ་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ རང་སོའི་དལ་དབང་ཡོདཔ་ལས་ ཁྲིམས་ཀྱི་འདུན་སར་བཅར་ནི་དེ་ ལེགས་ཤོམ་ཨིན་ཟེར་ བློན་པོ་གིས་བཤད་ཅི།
ལས་རིམ་དེ་ ད་ལས་ཕར་ བསྒྱུར་བཅོས་འབད་ནིའི་དོན་ལུ་ ད་ལྟོ་ ཇ་པཱན་གཞུང་དང་གཅིག་ཁར་ གྲོས་བསྟུན་ འབད་བའི་བསྒང་ཡོད་ཟེར་ བློན་པོ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *