གཞུང་སྐད་རྫོང་ཁ་དེ་ བརྩི་བཀུར་ཐོག་ གོང་འཕེལ་གཏང་དགོཔ།

༉ གཞུང་སྐད་རྫོང་ཁ་དེ་ རྒྱལ་ཁབ་རང་དབང་གི་ ངོ་རྟགས་དང་ སྲོག་ཤིང་ངོ་མ་ཅིག་ཨིནམ་ལས་ འབྲུག་མི་ཆེ་འབྲིང་མེད་པར་ ག་ར་གིས་ ཁ་སྐད་རྫོང་ཁ་དེ་ལུ་ གུས་ཞབས་དང་ བརྩི་མཐོང་བསྐྱེད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིན་ཟེར་ཞུ་ནི།

ཨིན་རུང་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཚོགས་སྡེའི་འཐུས་མི་ཚུ་གིས་ རྫོང་ཁའི་ཤེས་ཚད་ཡོད་མི་ཚུ་ལུ་ གོ་སྐབས་བཟོ་ནི་དང་འབྲེལ་བའི་ དྲི་བ་ཞུ་བའི་ལན་ལུ་ ནང་སྲིད་བློན་པོ་གིས་ གོ་སྐབས་ཚུ་མེན་པར་ རྫོང་ཁ་ཤེས་མི་གིས་ར་བཏུབ་ཟེར་ ཞུ་མི་ལུ་ མི་མང་ཤོས་ར་ སེམས་དང་མ་ལྡནམ་པས་ཟེར་ཞུ་ནི།

བློན་པོ་གིས་ རྫོང་ཁ་གོང་འཕེལ་གྱི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ལྷག་སྟེ་ གཞུང་ལུ་ འཆར་གཞི་དང་ སྲིད་བྱུས་ག་ནི་ཡང་མེད་ཟེར་ ཚོགས་ཁང་ནང་ ཞུ་མི་ལུ་ བལྟ་བ་ཅིན་ གཞུང་ལུ་ ཁ་སྐད་རྫོང་ཁ་དེ་ ཁག་མ་ཆེ་བའི་ བརྡ་མཚོན་སྟོནམ་བཞིན་དུ་ རྫོང་ཁ་ལག་ལེན་དེ་ གཞུང་གི་ཁ་ཐུག་ལས་སྦེ་ འགོ་བཙུགས་དགོ་ཟེར་ཞུ་ནི།

འབྲུག་མི་ཆེ་འབྲིང་ཆུང་༣ དང་ གཞུང་གིས་ རྒྱབ་སྐྱོར་མེད་པ་ཅིན་ རྫོང་ཁ་གོང་འཕེལ་ལྷན་ཚོགས་རྐྱངམ་གཅིག་གིས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ གདོང་ལེན་འབྱུང་འོང་ཟེར་ ཞུ་ནི་དང་ རྫོང་ཁ་དེ་ གོང་འཕེལ་དང་ དར་ཁྱབ་གཏང་དགོ་པ་ཅིན་ གོ་གནས་སྦོམ་འཆང་མི་ཚུ་གིས་ ལག་ལེན་འགོ་བཙུགས་དགོ་ཟེར་ཞུ་ནི།

གཞུང་སྐད་རྫོང་ཁ་དེ་ གོང་འཕེལ་གཏང་ནིའི་ ལྷན་ཐབས་ལུ་ གཞུང་གི་ ལྷན་ཁག་དང་ལས་སྡེ་ དེ་ལས་ ལས་ཁུངས་ལ་སོགས་པ་ཚུ་གིས་ གསལ་བསྒྲགས་ཚུ་ ཨིང་སྐད་ནང་མེན་པར་ རྫོང་ཁའི་ནང་ བཏོན་དགོཔ་བཞིན་དུ་ དེ་ཚུ་ནང་ ལཱ་འབད་མི་ འགོ་དཔོན་ཚུ་ཡང་ རྫོང་ཁའི་ཤེས་ཚད་དགོཔ་དེ་ ག་ནི་བ་ ཁག་ཆེ་ཟེར་ཞུ་ནི།

དེ་བཟུམ་སྦེ་ རྫོང་ཁག་ཚུ་ནང་ སྲོལ་འཛིན་འགོ་དཔོན་རེ་ ཡོད་དོ་བཟུམ་སྦེ་ རྫོང་ཁ་ལྟ་རྟོག་འགོ་དཔོན་རེ་ གཏང་དགོཔ་བཞིན་དུ་ འགོ་དཔོན་དེ་ཚུ་གིས་ རྫོང་ཁག་ཚུ་ནང་ ཞལ་འཛོམས་ལ་སོགས་པ་ཚུ་  འགོ་འདྲེན་འཐབ་པའི་སྐབས་ གསལ་བཤད་རྫོང་ཁའི་ནང་དང་ གསལ་བསྒྲགས་ཚུ་འབད་རུང་ རྫོང་ཁའི་ནང་ བཏོན་བཅུག་ནི་དང་ ག་དེམ་ཅིག་སྦེ་ རྫོང་ཁ་ལག་ལེན་མ་འཐབ་པ་ཅིན་ ཉེས་བྱ་ཚུ་ བཀལ་བ་ཅིན་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཞུ་ནི།

དེ་ཚུའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ མ་དངུལ་གྱི་ རྒྱབ་སྐྱོར་གནང་དགོཔ་དེ་ ག་ནི་བ་ ཁག་ཆེ་ནི་ཨིནམ་ད་ དེ་མེན་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་ཚིག་མཛོད་ཀི་དེབ་ཚུ་ པར་སྐྲུན་འབད་མི་རྐྱངམ་གཅིག་གིས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ཞུ་ནི།

ང་བཅས་འབྲུག་མི་ཚུ་གིས་ རྫོང་ཁ་ལུ་ སྤྲོ་བ་མེད་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ ཧ་གོ་ཚུགས་པར་ ལཱ་ཁག་ཡོད་རུང་ ང་བཅས་རའི་གཞུང་སྐད་ རྫོང་ཁ་ལུ་ ང་བཅས་ཀྱིས་ རྒྱབ་སྐྱོར་ཐོག་ གོང་འཕེལ་མ་གཏང་པ་ཅིན་ རྒྱལ་ཁབ་གཞན་གྱིས་ རྒྱབ་སྐྱོར་འབད་ནི་དེ་ དགོད་བྲ་ཨིན་ཟེར་ཞུ་ནི།

འབྲུག་མི་ཚུ་གིས་ རྫོང་ཁ་ལུ་ སྤྲོ་བ་མ་བསྐྱེད་མིའི་ གནད་དོན་གཅིགཔོ་དེ་ རྫོང་ཁའི་ཤེས་ཚད་ཡོད་མི་ཚུ་ལུ་ ཨིང་སྐད་ཀྱི་ ཤེས་ཚད་ཡོད་མི་བཟུམ་སྦེ་ ལཱ་གཡོག་ལ་སོགས་པའི་ གོ་སྐབས་མེད་མི་ལུ་བརྟེན་ཨིནམ་ལས་ གཞུང་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ རྫོང་ཁའི་ཤེས་ཚད་ཡོད་མི་ཚུ་གི་དོན་ལུ་ གོ་སྐབས་ཚུ་ བཟོ་དགོཔ་དེ་ ཁག་ཆེ་བས་ཟེར་ཞུ་ནི།

འཕྲལ་ཁམས་ཅིག་ཁར་ སྤྱི་ཚོགས་ནང་ རོང་ཆུ་ཙིགཔ་ཟ་སྟེ་དང་ མི་ཚུ་གིས་ སྒོང་རྡོག་འབུད་ནི་ལ་སོགས་པ་ སླབ་མི་ཚུ་དང་ ཕམ་ཚུ་གིས་ ཨ་ལོ་ཆུང་ཀུའི་བསྒང་ལས་ར་ རྫོང་ཁ་མེན་པར་ ཨིང་སྐད་སླབ་བཅུག་མི་དེ་ རྫོང་ཁ་ལུ་ བརྩི་བཀུར་མེད་པའི་ བརྡ་མཚོན་བཟུམ་ཅིག་ཨིནམ་ལས་ ད་ལས་ཕར་ རྫོང་ཁ་གོང་འཕེལ་གྱི་དོན་ལུ་ དམིགས་བསལ་གྱི་ འཆར་གཞི་དང་ སྲིད་བྱུས་ཚུ་ བརྩམ་དགོཔ་དེ་ ཁག་ཆེ་བས་ཟེར་ ཞུ་ནི་ཨིན།

དབང་ཕྱུག།

བསམ་གྲུབ་ལྗོངས་མཁར།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *