བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུང་བྱོན་ཨེབ་ཀྱི་ ཞབས་ཏོག་དེ་ ནམ་ར་འབད་རུང་ མཁོ་སྤྲོད་འབད་ཚུགས་ནི་ཨིན་རུང་ ལག་ལེན་འཐབ་ནི་གི་ མཐུན་རྐྱེན་གཞན་ཚུ་ རིམ་སྒྲིག་འབད་དགོཔ་ལས་ དུས་ཚོད་འགོར་འོང་ཟེར་ གསུངསམ་ཨིན་པས།

གཞུང་ལས་ གསུང་བྱོན་ཞབས་ཏོག་ མཁོ་སྤྲོད་འབད་ནི་གི་ གཏན་འཁེལ་མེདཔ།

༉ གཞུང་གིས་ སྐུལ་བསྒྲགས་སྐབས་ ཉིན་གྲངས་༡༢༠ ནང་འཁོད་ལུ་ འགྲུབ་ཐབས་འབད་ནི་གི་ ཁས་བླངས་འབད་མི་ གསུང་བྱོན་ཟེར་མི་ འགྲུལ་འཕྲིན་གྱི་ ཞབས་ཏོག་དེ་ ནམ་གྲ་སྒྲིག་འགྱོ་འོང་ག་ནང་ ནམ་ལས་མཁོ་སྤྲོད་འབད་ནི་ཨིན་ན་ ད་ལྟོ་ གཏན་འཁེལ་མེདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ བརྡ་བརྒྱུད་དང་ བློན་པོ་ཚུ་གི་བར་ན་ ཟླ་རིམ་གྱི་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ གསུང་བྱོན་ཨེབ་ཀྱི་ ཞབས་ཏོག་དེ་ ནམ་ར་འབད་རུང་ འོང་བྱིན་ཚུགས་ནི་ཨིན་རུང་ ལག་ལེན་འཐབ་ནི་ལུ་ ཨིན་ཊར་ནེཊ་དང་ ཝེའི་ཕི་ཚུ་དགོཔ་ལས་ དེ་ཚུ་ག་ར་རིམ་སྒྲིག་འབད་དགོ་ཟེར་ཨིན་པས།
གལ་སྲིད་ ཞབས་ཏོག་དེ་ བཟོ་ཚར་བ་ཅིན་ མི་སེར་ཚུ་གིས་ རང་སོའི་བརྒྱུད་འཕྲིན་ཐོག་ལས་ ཏི་རུ་དང་ རྩིས་ཤོག་ཚུ་ བཙུགས་མ་དགོཔ་པར་ རིན་མེད་སྟོང་པ་སྦེ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ མ་གཞི་ བརྒྱུད་འབྲེལ་ལྷན་ཁག་གིས་ རིན་བསྡུར་འབད་ཡོད་རུང་ དོ་འགྲན་འབད་མི་ ཁག་འབགཔ་ཚུ་ འཕྲུལ་རིག་དང་འབྲེལ་བའི་ ཁྱད་ཆོས་ཚུ་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ད་ ད་རེས་ ཞབས་ཏོག་དེ་ལུ་ བརྒྱུད་འབྲེལ་ལྷན་ཁག་གིས་ ལཱ་འབད་བའི་བསྒང་བའི་ཡོད་པའི་ཁར་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་བཞིན་དུ་འདུགཟེར་ཨིན་པས།
གལ་སྲིད་ ཞབས་ཏོག་གི་ རིན་བསྡུར་དེ་ ཆ་མེད་མ་བཏང་པ་ཅིན་ དུམ་གྲ་ཅིག་ བཟོ་ཚར་ཚརཝ་འོང་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ རིན་བསྡུར་ནང་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་༢ ཆ་ར་ འཕྲུལ་རིག་གི་ གནད་དོན་ཚུ་ལུ་བརྟེན་ ཆ་མེད་སོང་ནུག་ཟེར་ གསུངས་ཡི།
བློན་ཆེན་གྱིས་ གལ་སྲིད་ སྲིད་དོན་གྱི་ གནད་ལུ་བརྟེན་ ཞབས་ཏོག་བཟོ་བ་ཅིན་ འབད་ཚུགས་ཟེར་ གསུངསམ་ཨིན་རུང་ དཔལ་འབྱོར་ནང་ སྟབས་མ་བདེཝ་ འབྱུང་ཉེན་ཡོདཔ་ལས་ གཞུང་གི་ དམིགས་ཡུལ་དེ་ སྲིད་དོན་གནས་སྟངས་ཐོག་ལུ་མེན་པར་ ཡུན་བརྟན་ཐོག་ལས་ རྒྱལ་ཡོངས་ལུ་ ཕན་ཐོགས་ཚུགསཔ་བཟོ་ནི་དེ་ ཨིན་ཟེར་གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ གསུང་བྱོན་ཞབས་ཏོག་དེ་ལུ་ མི་སེར་ཚུ་གིས་ ཁ་བཏང་དོ་ཡོད་རུང་ ཁོ་ལུ་ ཉེས་པ་མེད་མི་ཡང་ ལཱ་ཚུ་ ལེགས་ཤོམ་དང་ ཚུལ་མཐུན་སྦེ་ འབད་ནི་དེ་ གལ་ཆེཝ་བཞིན་དུ་ ད་རེས་ གཞུང་གིས་ ཁས་བླངས་འབད་མི་ ག་ར་ལུ་ གཙོ་རིམ་བཟུང་སྟེ་ཡོད་པའི་ཁར་ དེ་ཚུ་ འགྲུབ་ནིའི་དོན་ལས་ འཚབ་འཚབ་རིལ་རི་ འབད་ནི་མི་འོང་ཟེར་ཨིན་པས།
ང་བཅས་ཀྱིས་ ཞབས་ཏོག་དེ་ གནས་ཚད་ཅན་སྦེ་ བཟོ་སྟེ་ཡོདཔ་བཞིན་དུ་ བརྒྱུད་འབྲེལ་བློན་པོ་ལུ་ ད་རུང་ ལཱ་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ གནམ་དགུན་གྱི་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་བྱོན་ཟེར་མི་ འགྲུལ་འཕྲིན་གྱི་ ཞབས་ཏོག་དེ་ རྫོང་ཁག་ག་རའི་ནང་ ལྷོད་ཚུགས་ནི་ལུ་ ལོ་༥ དེ་ཅིག་ འགོར་ནི་འོང་ཟེར་ ཞུ་བའི་ཁར་ ཞབས་ཏོག་དེ་གི་དོན་ལུ་ བརྒྱུད་འཕྲིན་གྱི་མཐུན་རྐྱེན་ ཝའེ་ཕའེ་དགོཔ་བཞིན་དུ་ སྣུམ་འཁོར་གཏང་དགོ་པ་ཅིན་ ལམ་དགོ་དོ་བཟུམ་སྦེ་ ཞབས་ཏོག་དེ་ཡང་ ལེགས་ཤོམ་ཅིག་འོང་དགོ་པ་ཅིན་ འཚབ་འཚབ་རིལ་རི་སྦེ་ འབད་དགོཔ་ཅིག་མེད་ཟེར་ཞུ་ནུག།
གསུང་བྱོན་ཨེབ་དེ་ འབྲུག་མཉམ་རུབ་ཚོགས་པའི་ ཉིན་གྲངས་༡༢༠ གི་ ཁས་བླངས་༢༥ འབད་མིའི་གྲས་ལས་ གཅིག་ཨིན་པས།
ཨིན་ཊར་ནེཊ་ བེང་ཝིཊ་ཐད་ལུ་ བློན་ཆེན་གྱིས་ རྒྱལ་ཁབ་ནང་ ཡོངས་འབྲེལ་ཨིན་ཊར་ནེཊ་ ཡར་དྲག་གཏང་ནི་ལུ་ བང་ལ་དེཤ་ལས་ ཨིན་ཊར་ནེཊ་ ནང་འདྲེན་འབད་ནི་ཨིན་ན་ ད་ལྟོ་ སླབ་མི་ཚུགས་པས་ཟེར་ བློན་ཆེན་གྱིས་ གསུངསམ་ཨིན་པས།
ཨིན་རུང་ བང་ལང་དེཤ་ལས་ ཨིན་ཊར་ནེཊ་གི་ བེང་ཝེཊ་ནང་འདྲེན་ག་གིས་འབད་ནི་ན་ མ་ཤེས་རུང་ རྒྱ་གར་དང་ བང་ལ་དེཤ་ དེ་ལས་ འབྲུག་གཞུང་ཚུ་གི་བར་ན་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།
འབྲུག་ལུ་ བེང་ཝེཊ་མཁོ་སྒྲུབ་དེ་ མི་མང་ལས་སྡེ་ ཡང་ཅིན་ གཞུང་གིས་འབད་ནི་ཨིན་ན་ འོས་འབབ་ཚུ་ བལྟ་བའི་བསྒང་ཡོད་རུང་ འབྲུག་གི་ཁ་ཐུག་ལས་འབད་བ་ཅིན་ མི་མང་ལས་སྡེ་འབྲེལ་གཏོགས་ འབད་དགོཔ་མེད་ཟེར་ཨིན་པས།
དེ་ཡང་ ཡོངས་འབྲེལ་ཨིན་ཊར་ནིཊ་གི་ རྒྱུན་ཐག་ཚུ་ རླུང་འཕྲིན་བཟུམ་སྦེ་ འབད་དགོཔ་མེདཔ་ལས་ ད་ལྟོ་ དགོས་མཁོ་ཅན་གྱི་ ལཱ་ཚུ་འབད་བའི་བསྒང་ཡོད་མི་ལུ་བརྟེན་ དེ་བཟུམ་མའི་ ཞབས་ཏོག་དེ་ དམིགས་བསལ་དུ་ རྒྱལ་ཡོངས་ནང་ རྐྱེན་ངན་བྱུངམ་ད་ ཨིན་ཊར་རྒྱུན་ལམ་༢ ཡོད་མི་དེ་ གལ་གནད་ཅན་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
འབྲུག་གིས་ བང་ལ་དེཤ་ལས་ རྒྱལ་ཁབ་ནང་ ཨིན་ཊར་ནེཊ་༣ སྦྲེལ་མཐུད་འབད་ནིའི་དོན་ལུ་ ཨིན་ཊར་ནེཊ་ ཇི་བི་པི་ཨེས་༢.༥ དང་༡༠ དེ་ཅིག་ མཁོ་སྒྲུབ་འབད་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *