གཞུང་ལས་མི་སེར་གྱི་ཞབས་ཏོག་དང་ ས་གནས་གཞུང་གི་ ངལ་གསོའི་ཐོབ་དབང་ ཤུལ་མའི་གཞུང་དང་འབྲེལ་བ་འཐབ་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་ལས་མི་སེར་གྱི་ཞབས་ཏོག་ ཇི་ཀྲུ་སི་ལས་འགུལ་དང་ ས་གནས་གཞུང་གི་ཐོབ་ལམ་སྐོར་ ཤུལ་ལས་ དབུ་བརྙེས་མི་གཞུང་དང་འབྲེལ་བ་འཐབ་ནི་སྦེ་ གྲོས་ཐག་བཅད་ཅི།
དེ་ཡང་ བདུན་ཕྲག་འདི་གི་ རེས་གཟའ་མིག་དམར་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་ལས་མི་སེར་ལུ་ཞབས་ཏོག་ཟེར་མི་ ཇི་ཀྲུ་སི་ལས་འགུལ་དང་ ས་གནས་གཞུང་གི་ ངལ་གསོའི་ཐོབ་ལམ་ཐོག་ གྲོས་བསྡུར་འབད་བའི་སྐབས་ འཐུས་མི་མང་ཤོས་ཅིག་ བསམ་པ་མ་རྫོགས་པར་ གྲོས་འཆམ་མ་འབྱུང་མི་ལུ་བརྟེན་ ཁྲི་འཛིན་གྱིས་ ནང་འཁོད་ཞལ་འཛོམས་འཚོགས་ཏེ་ གྲོས་འདེབས་ཕུལ་དགོ་པའི་ བཀོད་རྒྱ་གནང་ཡི།
དེ་དང་འཁྲིལ་ ཁ་ཙ་ གནད་དོན་༢ ཀྱི་ཐོག་ལུ་ ཚོགས་སྡེའི་འཐུས་མི་ཚུ་གིས་ འཐུས་མི་༧ འབད་མི་དང་ འཐུས་མི་༤ འབད་མི་སྡེ་ཚན་༢ བཟོ་སྟེ་ ནང་འཁོད་ཞལ་འཛོམས་འཚོགས་ཞིནམ་ལས་ སྡེ་ཚན་གྱི་འགོ་འདྲེན་པ་༢ ཀྱིས་ གྲོས་འདེབས་ཁ་སྐོང་མ་ཕུལ་བར་ ཤུལ་མའི་ གཞུང་གསརཔ་དབུ་བརྙེས་པའི་ཤུལ་ལས་ གཞུང་གསརཔ་དང་ འབྲེལ་བ་འཐབ་ནི་སྦེ་ ཐག་བཅད་ཡོད་པའི་སྐོར་ལས་ གྲོས་འདེབས་ཕུལ་ཡི།
དེ་ཡང་ ཇི་ཀྲུ་སི་ལས་འགུལ་འགོ་འདྲེན་པ་ བུམ་ཐང་གི་འཐུས་མི་ ཉི་མ་གིས་ ཞུ་མིའི་ནང་ གནད་དོན་དེ་གི་ཐོག་ལུ་ གཞུང་གིས་ གྲོས་འདེབས་ཀྱི་ལན་ཡང་ བསམ་པ་རྫོགས་ཏོག་ཏོ་སྦེ་ གནང་ནུག་ཟེར་ཨིནམ་ད་ འདས་པའི་ཉིནམ་ལུ་ འཐུས་མི་༧ འབད་མི་སྡེ་ཚན་གྱི་བར་ན་ གྲོས་བསྟུན་ཅིག་འབད་བའི་ཤུལ་ལུ་ ད་རེས་ཀྱི་ གཞུང་གི་གནས་ཡུན་དེ་ ཧ་ལམ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ལས་ ཤུལ་མའི་གཞུང་དང་ འབྲེལ་བ་འཐབ་ནིའི་སྐོར་ལས་ གྲོས་འཆམ་བྱུང་ཡི་ཟེར་ཨིན་པས།
ས་གནས་གཞུང་གི་ཐོབ་ཐང་གི་ གནད་དོན་ཐོག་ལུ་ ཁྲི་འཛིན་འོགམ་ བསམ་གྲུབ་ལྗོངས་མཁར་གྱི་འཐུས་མི་ འཇིགས་མེད་དབང་ཕྱུག་གིས་ ཞུ་མིའི་ནང་ མ་གཞི་ ས་གནས་གཞུང་གི་ ངལ་གསོའི་ཐོབ་ཐང་དེ་ ཞི་གཡོགཔ་གཞན་དང་ ལས་འཛིན་ལ་སོགས་པའི་ ལས་གཡོགཔ་ཚུ་བཟུམ་སྦེ་ འདྲ་མཉམ་སྦེ་ འཐོབ་དགོཔ་ཅིག་ཨིན་རུང་ ད་ལྟོ་ མ་འཐོབ་པར་འདུག་ཟེར་ཞུ་ཡི།
ཁོ་གིས་ཞུ་མིའི་ནང་ འཐུས་མི་༤ སྡེ་ཚན་བཟོ་སྟེ་ གྲོས་བསྟུན་འབད་དེ་ ཞིབ་འཚོལ་འབད་བའི་སྐབས་ ས་གནས་གཞུང་གི་ ངལ་གསོའི་འཐུས་དེ་ ས་གནས་གཞུང་གི་ ཐོབ་ཐངས་དཔྱད་ཡིག་གི་ སྒྲིག་གཞི་ནང་ར་ ཚུད་དེ་མེད་པའི་ ཤེས་རྟོགས་བྱུང་ཡོདཔ་ལས་ ད་ལྟོའི་གཞུང་དེ་ རྩ་འགྲོལ་འགྱོ་ནི་ལུ་ ཟླཝ་ལྷགཔ་ཅིག་ལས་མེད་ནི་དེ་གིས་ མ་འོངས་པའི་གཞུང་དང་ འབྲེལ་བ་འཐབ་ནི་སྦེ་ མཚམས་འཇོག་འབད་བཞག་ནིའི་ གྲོས་འདེབས་ཕུལ་མི་དེ་གུ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *