བཀྲིས་སྒང་ལྕགས་ཟམ་དང་ དོག་གསུམ་བར་ནའི་ གཞུང་ལམ་གྱི་གནས་སྟངས།

གཞུང་ལམ་སྐྱོ་དྲགས་ཐལ་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ།

༉ བཀྲིས་སྒང་ལྕགས་ཟམ་དང་ དོག་གསུམ་བར་ནའི་ གཞུང་ལམ་ ཀི་ལོ་མི་ཊར་༡༠.༤ འབད་མི་ གཞུང་ལམ་གྱི་གནས་སྟངས་དེ་ སྐྱོ་དྲགས་ཐལ་ཡོདཔ་ལས་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དཀའ་ངལ་བྱུང་སྟེ་འདུག།
གཞུང་ལམ་དེ་ བཀྲིས་གཡང་རྩེའི་ མི་སེར་ཚུ་གི་དོན་ལུ་ མོང་སྒར་དང་བཀྲིས་སྒང་ དེ་ལས་ བསམ་གྲུབ་ལྗོངས་མཁར་དང་མཐུད་འབྲེལ་འབད་མི་ གཞུང་ལམ་གཙོ་བོ་ཅིག་ཨིན་རུང་ ལམ་སེལ་ལས་ཁུངས་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཁོར་ལམ་རྒྱ་སྐྱེད་འབད་ཚར་རུང་ རྩི་ནག་མ་གཏང་པར་ ཡུན་རིང་སོང་ཡོདཔ་ཨིན་པས།
གླ་འཁོར་དེད་གཡོགཔ་ སངས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་དེ་ ས་གནས་ཁག་ལེ་ཤ་ཅིག་ནང་ ཧོག་ཀ་ཐོན་མི་དང་ གཞུང་ལམ་གྱི་གནས་སྟངས་སྐྱོ་དྲགས་ཐལ་མི་ལུ་བརྟེན་ དེ་ཁར་ལས་ རྒྱུན་འབྲེལ་འཐབ་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལམ་དེ་ ཧོག་ཀ་ཆུང་ཀུ་ཅིག་ཐོན་མིའི་གུ་ སྣུམ་འཁོར་ཚུ་དེ་ཁར་ལས་ རྒྱུན་འབྲེལ་འཐབ་ད་ ཧལ་སྐལ་ར་ ཧོག་ཀ་སྦོམ་ཐལ་ཏེ་ སྣུམ་འཁོར་ཆུང་ཀུ་ཚུ་ བརྡུང་ནི་འདུག་ཟེར་ཨིནམ་ད་ གཞུང་ལམ་དེ་ མི་ཆེ་འབྲིང་ཆུང་གསུམ་ འགྲོ་འགྲུལ་འབད་སའི་ གཞུང་ལམ་གཙོ་ཅན་ཅིག་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སངས་རྒྱས་ཀྱིས་ སླབ་མིའི་ནང་ གཞུང་ལམ་མེདཔ་ཐལ་མི་ལུ་ ལམ་སེལ་ལས་ཁུངས་དང་འབྲེལ་བའི་ ཡིག་ཚང་ཚུ་གིས་ སྣང་དག་མ་བསྐྱེདཔ་ཨིན་ན་ ཡང་ཅིན་ ལྟ་རྟོག་མ་འབདཝ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིནམ་ད་ གཞུང་གིས་ འཕྲལ་མགྱོགས་ར་ རྩི་ནག་གཏང་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
གླ་འཁོར་དེད་གཡོགཔ་ པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ གཞུང་ལས་དེ་ཁར་ལས་ རྒྱུན་འབྲེལ་འཐབ་སྟེ་ ལོ་༢ ལྷགཔ་ཅིག་སོང་རུང་ རྩི་ནག་གཏང་ནི་དང་ ལེགས་བཅོས་ཚུ་ ག་ནི་ཡང་མ་འབད་ཟེར་ཨིནམ་ད་ འཁོར་ལམ་སྐྱོ་དྲགས་ཐལ་མི་ལུ་བརྟེན་ གླ་འཁོར་ལུ་བརྟེན་ཐོབ་པའི་གླ་ཚུ་ཡང་ སྣུམ་འཁོར་རྒྱུན་སྐྱོང་གི་དོན་ལུ་ གཏང་དགོཔ་ཐོནམ་མས་ཟེར་ཨིན་པས།
གཞུང་ལམ་དེ་ལུ་བརྟེན་ ནདཔ་ཚབས་ཆེན་དང་ ཨ་ལོ་སྐྱེ་ནི་ཡོད་མི་ཨམ་སྲུ་ཚུ་ལུ་ དཀའ་ངལ་བྱིནམ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ འཁོར་ལམ་དེ་ གནམ་བྱཱར་ལུ་ འདམ་ཁོག་ཁོ་དང་ གནམ་དགུན་ལུ་ ཐལཝ་ཐོན་དོ་ཡོདཔ་ལས་ འགྲུལ་པ་དང་དེད་གཡོགཔ་གཉིས་ཆ་ར་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།
དེད་གཡོགཔ་ ཀུན་བཟང་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་གྱི་ གནས་སྟངས་ལུ་བརྟེན་ དུས་ཚོད་ཁར་ ལྷོད་མི་ཚུགས་པས་ཟེར་ཨིནམ་ད་ འཁོར་ལམ་དེ་ གཞུང་ལམ་གྱི་གྲས་ཁར་ཚུད་རུང་ ནུབ་ཕྱོགས་རྫོང་ཁག་གི་ སོ་ནམ་ཞིང་ལམ་ལས་ཡང་ སྐྱོ་དྲགས་ཐལ་ཏེ་འདུག་ཟེར་ཨིན་པས།
གཞུང་ལམ་གུ་ དོག་གསུམ་ལས་ མི་ཊར་དག་པ་ཅིག་དང་ ལྕགས་ཟམ་ལས་ མི་ཊར་དག་པ་ཅིག་ རྩི་ནག་བཏང་ཡོད་རུང་ འཁོར་ལམ་མང་ཤོས་ར་ རྩི་ནག་མ་གཏང་པས་ཟེར་ ཀུན་བཟང་ཚེ་རིང་གིས་ བཤད་པའི་ཁར་ ཐབས་ར་མེད་པར་ ཧོག་ཀ་ཐོན་མི་ལས་ འགྲོ་འགྲུལ་འབད་དགོཔ་ཐོནམ་མས་ཟེར་ ཨིན་པས།
རྒྱུན་འབྲེལ་འཐབ་མི་ཚུ་དང་འཁྲིལ་བ་ཅིན་ འཁོར་ལམ་རྒྱ་སྐྱེད་འབད་ཚར་ཏེ་ ལོ་མང་རབས་ཅིག་ལང་ཡོདཔ་ལས་ ལེགས་བཅོས་འབད་ནི་དང་ རྩི་ནག་གཏང་རན་ཡི་ཟེར་ཨིནམ་ད་ གཞུང་ལམ་དེ་ཁར་ལས་ རྒྱུན་འབྲེལ་འཐབ་མི་ སྣུམ་འཁོར་ཡར་སེང་སོང་ཡོདཔ་ལས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་ཡང་འདུག་ཟེར་ཨིན་པས།
སྐྱེས་ལོ་༤༨ ལང་མི་ ཆུང་ཀུ་དབང་འདུས་ཀྱིས་འབད་བ་ཅིན་ གཞུང་ལམ་དེ་ ག་ཅི་སྦེ་ རྩི་ནག་མ་གཏངམ་ཨིན་ན་ རྫོང་ཁག་བདག་སྐྱོང་དང་ ལམ་སེལ་ལས་ཁུངས་ལུ་ དྲི་བ་བཀོད་དགོཔ་འདུག་ཟེར་ཨིནམ་ད་ གནད་དོན་ག་ཅི་ལུ་བརྟེན་ རྩི་ནག་མ་བཏངམ་ཨིན་ན་ རྒྱུ་མཚན་ཡང་དག་ཅིག་ བཀོད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཁོར་ལམ་མེདཔ་ཐལ་མི་དང་ ཧོག་ཀ་མང་ཤོས་ར་ ཤར་ཕྱོགས་རྫོང་ཁག་ནང་ མཐོངམ་མས་ཟེར་ཨིནམ་ད་ ཤར་ཕྱོགས་རྫོང་ཁག་གི་འཁོར་ལམ་ཚུ་ ལེགས་བཅོས་འབད་ནི་དེ་ གཞུང་གིས་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ ཨིན་པས།
གཞུང་ལམ་བདའ་སྟེ་ གཞི་ཆགས་སྡོད་མི་ཚུ་གིས་འབད་བ་ཅིན་ གནམ་དགུན་ལུ་ སྡོད་ཁྱིམ་ཐལཝ་ཁོག་ཁོ་ལུ་ འགྱུར་ནི་ཡོདཔ་མ་ཚད་ སྣུམ་འཁོར་རྒྱུན་འབྲེལ་གྱིས་ ཐལཝ་ཚུ་ཐབ་ཚང་ནང་ འོང་ནི་འདུག་ཟེར་ཨིན་པས།
གླ་འཁོར་བཏང་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟླ་རིམ་བཞིན་དུ་ སྣུམ་འཁོར་རྒྱུན་སྐྱོང་གི་དོན་ལུ་ དངུལ་ཀྲམ་༥༠༠༠ ལྷགཔ་ཅིག་མ་བཏང་པར་ སྣུམ་འཁོར་ཚུ་ བཅོ་ཁ་རྐྱབ་མི་ཚུགས་པས་ཟེར་ཨིན་པས།
གཞུང་ལམ་རྩི་ནག་གཏང་དགོ་པའི་སྐོར་ལས་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་ལུ་ དྲི་བ་བཀོདཔ་ད་ གཞུང་ལས་ མ་དངུལ་ཚད་ལས་བརྒལ་མི་བྱིན་པས་ཟེར་ ལན་གསལ་སླབ་ནི་འདུག་ཟེར་ འགྲུལ་པ་བསྟན་འཛིན་ཆོས་འཕེལ་གྱིས་ བཤད་པའི་ཁར་ མ་དངུལ་མེད་ཟེར་སྡོད་པའི་བསྒང་ལས་ རྒུད་ཤོས་ར་མི་སེར་ཚུ་ཨིནམ་ལས་ གཞུང་ལས་རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིན་པས།
བཀྲིས་སྒང་ ལུང་ཕྱོགས་ལམ་སེལ་ཡིག་ཚང་གིས་ བཟོ་རིག་བཀོད་ཁྱབ་འགོ་དཔོན་ འཇམ་དཔལ་དབང་ཕྱུག་གིས་ སླབ་མིའི་ནང་ གཞུང་ལས་ མ་དངུལ་ཚད་ཅིག་ལས་བརྒལ་མེདཔ་ལས་ ལམ་སེལ་ལས་ཁུངས་ཀྱིས་ གཞུང་ལམ་ག་ར་ རྩི་ནག་བཏང་མ་ཚུགས་ཟེར་ཨིནམ་ད་ འཕྲལ་འཕྲལ་ར་ གཞུང་ལམ་ལེགས་བཅོས་འབད་དེ་ར་ བཞག་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་ལས་མ་དངུལ་ལྷོད་མི་དེ་གིས་ མ་དངུལ་དང་འཁྲིལ་ རྩི་ནག་བཏང་དོ་ཟེར་ཨིནམ་ད་ འཆར་གཞི་༡༢ པ་མཇུག་བསྡུཝ་ད་ གཞུང་ལམ་ཡང་ རྩིས་ནག་གཏང་ཚར་འོང་ཟེར་ ཨིན་པས།
རྩིས་ལོ་༢༠༡༩-༢༠༢༠ ལུ་ གཞུང་ལས་ མ་དངུལ་ས་ཡ་༢༠ ཆ་འཇོག་གྲུབ་ཡོདཔ་ལས་ ཀི་ལོ་མི་ཊར་༡ ལྷགཔ་གཅིག་རྐྱངམ་གཅིག་ རྩི་ནག་གཏང་ཚུགས་ནི་མས་ཟེར་ཨིནམ་ད་ ས་གནས་དང་འཁྲིལ་ ཟམ་ཡང་རྐྱབ་དགོཔ་ཡོད་ཟེར་ བཟོ་རིག་བཀོད་ཁྱབ་འགོ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *