ལྟ་བཤལཔ་ཚུ་གི་དོན་ལུ་ ཡིད་འཕྲོག་པའི་ ས་ཁོངས་ཅིག་ལུ་ གྱུར་ཡོད་མི་ བུམ་ཐང་གི་ལུང་གཤོང་།

གཞུང་ལམ་ལེགས་ཤོམ་མེད་མི་ལུ་བརྟེན་ བུམ་ཐང་ལུ་ ལྟ་བཤལཔ་མར་བབས།

༉ རྒྱལ་ཁབ་ཀྱི་ ལྟ་བཤལ་པའི་ ས་ཁོངས་གཙོ་བོ་༡ བུམ་ཐང་རྫོང་ཁག་ཨིན་རུང་ ད་རེས་ནངས་པར་ ཤར་ནུབ་ཀྱི་ གཞུང་ལམ་རྒྱ་བསྐྱེད་ལུ་བརྟེན་ ལམ་གྱི་གནས་སྟངས་ ལེགས་ཤོམ་མེདཔ་ལས་ ལུང་གཤོང་དེ་ནང་གི་ ཟ་ཁང་དང་ མགྲོན་ཁྱིམ་གྱི་ ཇོ་བདག་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
དེ་ཡང་ ལྷ་བཤལ་བའི་ དུས་ཚོད་རན་ནི་དེ་གིས་ཨིནམ་ད་ མ་གཞི་ བུམ་ཐང་ལུ་ ལྟ་བཤལ་པའི་ དུས་ཚོད་དེ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༣ པ་ལས་ འགོ་བཙུགསཔ་ཨིན་རུང་ མང་ཤོས་ར་ སྤྱི་ཟླ་༩ པ་ལས་ འོང་དོ་ཡོདཔ་ཨིན་པས།
འདས་པའི་ལོ་ནང་ ཤར་ནུབ་གཞུང་ལམ་རྒྱ་སྐྱེད་ལུ་བརྟེན་ ཁོང་གི་ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ་བཞིན་དུ་ དུས་ཅི་ཡང་ ལྟ་བཤལ་པའི་གྱངས་ཁ་ མར་འབབ་འགྱོ་ནི་མས་ཟེར་ཨིན་པས།
བུམ་ཐང་གི་ ཟ་ཁང་མཐུན་ཚོགས་ཀྱི་ཁྲི་འཛིན་ རི་བཱར་མགྲོན་ཁྱིམ་གྱི་ཇོ་བདག་ པདྨ་ཟླ་བ་གིས་ སླབ་མིའི་ནང་ མ་གཞི་ ཁོང་གི་ཧོངས་ལས་ གཞུང་ལམ་རྒྱ་བསྐྱེད་ལུ་བརྟེན་པའི་ ཉོགས་བཤད་མེདཔ་ཨིན་རུང་ ལྟ་བཤལཔ་སྡེ་ཚན་ལེ་ཤ་སྦེ་ འགྲོ་འགྲུལ་འབད་བའི་ དུས་ཚོད་དེ་ནང་ གཞུང་ལམ་བདའ་སྟེ་ འདམ་ཁོག་ཁོ་དང་ ལམ་ཧ་ཀ་ཧོ་ཀ་ཡོད་མི་ཚུ་ ལེགས་ཤོམ་སྦེ་ སེལ་གནང་པ་ཅིན་ ལྟ་བཤལཔ་ཚུ་གིས་ ཁོང་གི་ ལུང་ཕྱོགས་ནང་ ལྟ་སྐོར་ལུ་ འོང་ནི་གི་ སྤྲོ་བ་བསྐྱེད་འོང་ཟེར་ཨིན་པས།
ལྟ་བཤལཔ་སྡེ་ཚན་སྦེ་འོངམ་ད་ སྣུམ་འཁོར་ཀོསི་ཊར་བཱསི་དང་ ཧ་ཡེསི་བཱསི་ཚུ་ནང་ ལམ་འགྲུལ་འབད་དོ་ཡོདཔ་ལས་ གཞུང་ལམ་གྱི་ གནས་སྟངས་ལེགས་ཤོམ་མེདཔ་ད་ ཉོགས་བཤད་བཀོདཔ་མ་ཚད་ ལྟ་བཤལཔ་ལ་ལོ་གིས་ ལྟ་སྐོར་ལུ་ འོང་ནི་གི་ ལས་འཆར་ཆ་མེད་བཏངམ་མས་ཟེར་ པདྨ་ཟླ་བ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་གྱི་གནས་སྟངས་ལུ་བརྟེན་ དུས་ཅི་ ལྟ་བཤལཔ་ཚུ་ལས་ ཟ་ཁང་དང་ མགྲོན་ཁྱིམ་སྔོན་མངགས་འབད་མི་ཚུ་གི་གྲས་ལས་ བརྒྱ་ཆ་༧༠ དེ་ཅིག་ ཆ་མེད་སོང་ཡོདཔ་ཨིན་རུང་ གལ་སྲིད་ ལམ་རྒྱ་བསྐྱེད་ཀྱི་ ལཱ་འབད་མི་ཚུ་གིས་ ལམ་ལེགས་ཤོམ་སྦེ་ སེལ་བ་ཅིན་ བལྟ་སྐོར་ལུ་ འོང་ནི་ལས་ ཆ་མེད་བཏང་མི་ཚུ་ འོང་ནི་གི་ འོས་འབབ་འདུག་ཟེར་ཨིན་པས།
པདྨ་ཟླ་བ་གིས་ སླབ་མིའི་ནང་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ སྤྱི་ཟླ་༣ པ་དང་༤ པའི་ནང་ སྔོན་མངགས་འབད་མི་དེ་ བརྒྱ་ཆ་༢༥ མར་བབས་སོང་ཡོདཔ་ད་ སྤྱི་ཟླ་༤ པ་ལས་༧ པ་ཚུན་འབདཝ་ད་ ཟླཝ་༣ གྱི་རིང་ བརྒྱ་ཆ་༧༠ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
དེ་ལས་ སྤྱི་ཟླ་༨ པའི་ནང་ ཆར་ཆུ་ལུ་བརྟེན་ ལྟ་བཤལཔ་ཚུ་ལས་ སྔོན་མངགས་འབད་མི་ བརྒྱ་ཆ་༩༠ དེ་ཅིག་ ཆ་མེད་སོང་ཡི་ཟེར་ཨིན་པས།
ཟ་ཁང་གི་ཇོ་བདག་ གཞན་ཅིག་གིས་ སླབ་མིའི་ནང་ ཟ་ཁང་མཐུན་ཚོགས་ཀྱིས་ མདང་བཞག་ཁམས་ཅིག་ཁར་ ཤར་ནུབ་ཀྱི་ གཞུང་ལམ་གྱི་ གནས་སྟངས་ལེགས་ཤོམ་སྦེ་ བཞག་དགོ་པའི་སྐོར་ ཁག་འབགཔ་ཚུ་ལུ་ བཀའ་གནང་ཟེར་ བློན་ཆེན་ལུ་ ཞུ་ཡི་ཟེར་ཨིནམ་ད་ ལམ་བདའ་སྟེ་ ལཱ་འབད་མི་ ཁག་འབགཔ་ཚུ་ལུ་སྤྲོད་མི་ ཏི་རུ་མ་བརྩིས་བར་ སྣུམ་འཁོར་འགྲོ་འགྲུལ་གྱི་དོན་ལུ་ ལམ་ཧིང་སངས་ས་བཞག་དགོ་པའི་ མ་དངུལ་ཡང་ ལོགས་སུ་སྦེ་ སྤྲོད་ཡོད་པའི་ ལོ་རྒྱུས་འདུག་ཟེར་ བཤདཔ་ཨིན་པས།
རིན་ཆེན་གླིང་ཟ་ཁང་གི་ཇོ་བདག་ འཇམ་དཔལ་དངོས་གྲུབ་ཀྱིས་ སླབ་མིའི་ནང་ ཁོ་གི་ཟ་ཁང་ནང་ཡང་ སྔོན་མངགས་ལྷོད་མི་ཚུ་ ཆ་མེད་འགྱོ་དོ་ཟེར་ཨིནམ་མ་ཚད་ བུམ་ཐང་ལུ་ ལྟ་བཤལཔ་རེ་གཉིས་ ལྷོད་མི་ཚུ་གིས་ཡང་ ལམ་དེ་ལུ་བལྟ་སྟེ་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
ད་རུང་ ཟ་ཁང་གི་ཇོ་བདག་ གཞན་ཅིག་གིས་ བཤད་མིའི་ནང་ ལྟ་བཤལཔ་ཚུ་འོངམ་ད་ ལམ་གྱི་གནས་སྟངས་ལུ་བལྟ་སྟེ་ འཚེར་སྣང་བྱུང་ནི་དེ་གིས་ རེ་ཚེ་སྐབས་ ལམ་སྟོན་པ་དང་ དེད་གཡོགཔ་ཚུ་གིས་ཡང་ ལམ་བར་ན་ལས་ ལྟ་བཤལཔ་ཚུ་ ལོག་ཁྱིད་འགྱོ་དོ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
བུམ་ཐང་ཟ་ཁང་མཐུན་ཚོགས་ཀྱི་འོག་ལུ་ ཐོ་བཀོད་འབད་མི་ ཟ་ཁང་༢༤ ཡོདཔ་ད་ ཐོ་བཀོད་མ་འབད་མི་ཚུ་ཡང་ བརྩིས་བ་ཅིན་ཟ་ཁང་༣༥ དེ་ཅིག་ ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *