སློབ་ཕྲུག་ཚུ་ ལམ་རྩི་ནག་མ་བཏང་མི་བདའ་སྟེ་ རི་ཟླ་ཟ་སློབ་གྲྭ་ཆུང་བའི་ནང་ འགྱོ་བའི་བསྒང་།

གཞུང་ལམ་རྩི་ནག་གཏང་ནི་མེདཔ་ལས་ མོང་སྒར་གྱི་མི་ཚུ་ དབུགས་འགམ་ཡོདཔ།

༉ མོང་སྒར་ཁྲོམ་ལས་ གླིང་མི་ཐང་དང་ ཡ་ལྡི་ཁྲོམ་ཚུན་གྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་ནི་ སྤྱི་ལོ་༢༠༡༥ ལས་ འགོ་བཙུགས་ཡོད་རུང་ རྩི་ནག་བཏང་མ་ཚུགས་པར་ཡོདཔ་ལས་ སློབ་ཕྲུག་དང་ མི་སེར་ དེ་ལས་ ཚོང་པ་ཚུ་ལུ་ དབུགས་འགམ་བྱུང་ཡོདཔ་ཨིན་པས།
བློ་གསར་སློབ་རིམ་ལས་ སློབ་རིམ་༡༢ པའི་ སློབ་ཕྲུག་བུཚ་དང་ བུམོ་ཚུ་ ཉིན་བསྟར་བཞིན་དུ་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་འོག་གཉིས་དང་ རི་ཟླ་ཟ་སློབ་གྲྭ་ཆུང་བ་ གཡག་སྒང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་ ཕར་ཚུར་རྐང་སྟོང་སྦེ་ འགྱོ་བའི་སྐབས་ ཉིམ་ཤར་བའི་སྐབས་ཐལཝ་དང་ ཆརཔ་རྐྱབ་ད་ ལམ་འདམ་ཁོག་ཁོ་བཟོཝ་ལས་ དཀའ་སྡུག་བྱུངམ་ཨིན་པས།
གཞུང་ལམ་འོག་ལུ་ ཚོང་བཙོང་སྡོད་མི་ སངས་རྒྱས་སྒྲོལ་མ་གིས་ སླབ་མིའི་ནང་ མ་གཞི་ ཁག་འབགཔ་གིས་ དྲོ་པ་དང་ཕྱི་རུ་ ཐལཝ་མི་ལོང་ནིའི་དོན་ལས་ ཆུ་གཏོར་དགོཔ་ཅིག་ཨིན་རུང་ འབད་ནི་མེད་མི་ལུ་བརྟེན་ མོ་གི་ ཚོང་ཁང་ནང་ བཟའ་འཐུང་དང་ བཀབ་གོ་ལ་ཚུ་ ཐལཝ་ཆགས་ཏེ་ཡོད་ཟེར་ཨིན་པས།
སངས་རྒྱས་སྒྲོལ་མ་ལུ་ རི་ཟླ་ཟ་སློབ་གྲྭ་ཆུང་བའི་ནང་ སློབ་རིམ་༣ པ་དང་ སློབ་རིམ་༤ པའི་ནང་ དཔེ་ཆ་ལྷབ་མི་ ཨ་ལོ་༢ ཡོདཔ་ལས་ དྲོ་པ་དང་ ཕྱི་རུ་རྐང་སྟོང་སྦེ་ སློབ་གྲྭ་ནང་འགྱོཝ་ད་ ལམ་རྩི་ནག་མ་བཏང་མི་ལས་ ཐལཝ་དང་ འདམ་ཚུ་གིས་ གོ་ལ་དང་ དཔེ་དེབ་ཚུ་ མེདཔ་བཏངམ་མས་ཟེར་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སློབ་ཕྲུག་དང་ མིའི་ཚེ་སྲོག་ལུ་ གནོད་སྐྱོན་མི་འབྱུང་ནིའི་དོན་ལུ་ མོང་སྒར་ཁྲོམ་ལས་ རི་ཟླ་ཟ་སློབ་གྲྭ་ཆུང་བ་ཚུན་ ཚ་ངེར་བཏོན་ཏེ་ ལམ་རྩི་ནག་གཏང་བཅུག་ནིའི་དོན་ལུ་ ལུང་ཕྱོགས་ལམ་སེལ་ལས་སྡེ་ཡིག་ཚང་དང་ གྲོས་བསྟུན་འབད་འོང་ཟེར་ཨིན་པས།
ལམ་སེལ་ལས་སྡེ་ལས་ བཟོ་རིག་གཙོ་འཛིན་ ཀརྨ་རིན་འཛིན་གྱིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ ལམ་རྩི་ནག་གཏང་དགོ་པའི་སྐོར་ ལོ་རྒྱུས་ཐོན་ཡོད་རུང་ བཀའ་ཤོག་ལྷོད་ནི་མེད་པར་ སྒུག་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *