ལྕང་ལཱ་རྐྱབ་མ་ཚུགས་པར་ལུས་མི་ ཆུ་ཞིང་ཚུ།

གཞུང་ལམ་རྒྱ་སྐྱེད་འབད་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལོ་༤ ལང་ཡོདཔ།

༉ ཀྲོང་གསར་ དབྱངས་འཁྱིལ་མགྱོན་ཁྱིམ་གྱི་ ཉེ་འདབས་ལས་ཚུར་ གཞུང་ལམ་རྒྱ་སྐྱེད་འབད་མི་ལུ་བརྟེན་ ཆུ་གཡུར་མེདཔ་བཏང་ཡོདཔ་ལས་ མི་སེར་སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལོ་༤ ལང་ཡོདཔ་ལས་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
གཞུང་ལམ་རྒྱ་སྐྱེད་འབད་བའི་སྐབས་ པ་སངས་སྒང་གི་ ཞིང་ཆུའི་ཆུ་གཡུར་མེདཔ་བཏང་ཡོདཔ་མ་ཚད་ ས་དང་བྱེམ་ཚུ་ ལམ་འོག་ལས་མར་ བཀོག་བཏང་མི་དེ་གིས་ ཆརཔ་རྐྱབ་པའི་སྐབས་ ཞིང་ནང་ག་ར་ བྱེམ་དང་རྡོ་ཚུ་གིས་ཡོདཔ་ལས་ ཆུ་ཞིང་ཨེ་ཀར་ལྷགཔ་ཅིག་ ལཱ་འབད་མ་ཚུགསཔ་ཨིན་པས།
སེམ་སྦྱིས་ལས་ སྐྱེས་ལོ་༥༠ ལང་མི་ ཀུན་ལེགས་སྒྲོལ་མ་དེ་ གཡུས་ཁར་ ཆུ་ཞིང་མེདཔ་ལས་ གཞུང་ལམ་གྱི་འོག་ལུ་ དང་ཕུ་མོ་རའི་ཕམ་ཚུ་གི་སྐབས་ལས་ ཟ་སྤྱོད་འབད་ཡོད་པའི་ཆུ་ཞིང་དེ་ ལཱ་འབད་མ་བཏུབ་པར་ལོ་༤ ལང་ཡོདཔ་ལས་ ལོ་བསྟར་བཞིན་དུ་ ཆུམ་ཉོ་སྟེ་ བཟའ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ གཞུང་ལམ་རྒྱ་སྐྱེད་འབད་ནི་འགོ་བཙུགསཔ་ཅིག་ ཆུ་གཡུར་མེདཔ་བཏང་ཡོདཔ་ལས་ ལཱ་འབད་མ་ཚུགསཔ་ཨིན་རུང་ ལོ་ངོ་དང་པའི་སྐབས་ བཟོ་སྐྲུན་ལས་སྡེ་གི་ རྒུད་འཐུས་དངུལ་ཀྲམ་༡༥༠༠༠ བྱིན་ཡོད་མི་དེ་ བཀྲིན་དགའ་ཚོར་ཡོདཔ་ཨིན་རུང་ ལོ་༡ ཆུམ་ཉོ་དགོཔ་ལས་ མི་ལང་པས་ཟེར་ཨིན་པས།
ལམ་སེལ་བའི་སྐབས་ ས་དང་རྡོ་བྱེམ་ཚུ་ ལམ་འོག་ལས་མར་ བཀོག་ནི་དེ་གིས་ ཆརཔ་རྐྱབ་ད་ བྱེམ་དང་རྡོ་ཚུ་ ཆུ་ཞིང་ནང་འོང་དོ་ཡོདཔ་ལས་ བཏོན་མི་ཚུགས་པས་ཟེར་ཨིན་པས།
ན་ཧིང་ རྫོང་ཁག་བདག་སྐྱོང་གིས་ དངུལ་ཀྲམ་༧༥༠༠༠ གནང་ཡོདཔ་ལས་ ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིན་རུང་ དུས་ཅི་ ག་དེ་སྦེ་ འཐོབ་འོང་ག་མ་ཤེས་རུང་ མོ་གིས་འབད་བ་ཅིན་ ཞིང་དེ་ལཱ་འབད་ཚུགསཔ་བཟོ་བ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིནམ་ད་ དེ་མེན་པ་ཅིན་ ཨ་ལོ་ཚུ་གིས་ ལཱ་འབད་ནི་ལུ་ དང་འདོད་མི་བསྐྱེད་པས་ཟེར་ཨིན་པས།
མང་སྡེ་ཆུ་དེ་ མི་ཊར་༢༠ དེ་ཅིག་གི་ ཉེ་འདབས་ལས་ཡོད་རུང་ ཆུ་འཐེན་འཕྲུལ་ཆས་མེད་མི་དང་ གློག་མེ་མེདཔ་ལས་ ལཱ་འབད་ཐབས་མེདཔ་ཨིན་པས།
ཀུན་ལེགས་སྒྲོལ་མ་གིས་ སླབ་མིའི་ནང་ ལྕང་ལཱ་རྐྱབ་མ་ཚུགས་ནི་དེ་གིས་ ཚོད་བསྲེའི་ལཱ་ དུམ་གྲ་རེ་འབད་མི་དེ་གིས་ ལོ་༡ མི་ལང་པས་ཟེར་ ཨིན་པས།
སྤྱི་ཟླ་༢ པའི་ནང་ འགོ་དཔོན་ཚུ་ ས་གནས་ནང་འོང་སྟེ་ ཞིབ་དཔྱད་མཐིལ་ཕྱིན་འབད་དེ་ ཟླ་ངོ་༤ ལྷག་སོ་རུང་ ལན་གསལ་ག་ནི་ཡང་ མ་ཐོབ་ཟེར་ཨིན་པས།
འབྲེལ་ཡོད་དབང་འཛིན་ཚུ་གིས་ ས་གནས་ནང་ བརྟག་ཞིབ་འབད་ཡོདཔ་ལས་ རྒྱབ་སྐྱོར་འཐོབ་པའི་རེ་བ་ཡོདཔ་ད་ རབ་འབྱུང་པ་ཅིན་ ས་ཞིང་ནང་ལས་ བྱེམ་བཏོན་ཞིནམ་ལས་ ཆུ་གཡུར་བསལ་ཏེ་ ལྕང་ལཱ་རྐྱབ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྦྱིས་ཚོགས་པ་གིས་ སླབ་མིའི་ནང་ ལམ་སེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ རྒྱབ་སྐྱོར་ཡོདཔ་སྦེ་ སླབ་མ་ཚད་ ཆུ་འཐེན་འཕྲུལ་ཆས་ཅིག་ཡང་ བྱིན་ནི་སྦེ་ཡོད་ཟེར་ཨིནམ་ད་ གློག་མེ་མེདཔ་ལས་ ག་དེ་སྦེ་ སྟབས་བདེ་འོང་ག་ མི་ཤེས་པས་ཟེར་ཨིནམ་ད་ གློག་མེ་ལས་འཛིན་གྱི་ཁ་ཐུག་ལས་ ཁྱིམ་གུང་༡ ལས་བརྒལ་མེད་ནི་དེ་གིས་ བྱིན་ཐབས་མེད་པའི་ ལོ་རྒྱུས་སླབ་མས་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *