གཞུང་ལམ་རྒྱ་བསྐྱེད་དང་འབྲེལ་བའི་ རྒྱུན་འགྲུལ་གྱི་དཀའ་ངལ་ སེལ་ཐབས་འབད་དགོཔ།

༉ ད་རེས་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་དང་བསྟུན་ རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་ ཤར་ནུབ་གཞུང་ལམ་དེ་གིས་ དུས་རྒྱུན་དུ་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་བྱིན་མི་ སྣུམ་འཁོར་བཱསི་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་བཅུགཔ་ཨིན་མས།
རྒྱུ་མཚན་འདི་ལུ་བརྟེན་ འདས་པའི་བདུན་ཕྲག་ནང་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་བྱིན་མི་ སྐྱེལ་འདྲེན་ལག་ལེན་པ་ཚུ་གིས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལུ་ ཞུ་ཡིག་ཅིག་ བཙུགས་ཡོད་མི་དང་འཁྲིལཝ་ད་ ཤར་ནུབ་གཞུང་ལམ་དེ་གུ་ རྒྱུན་འགྲུལ་ལེགས་ཤོམ་སྦེ་ འཐབ་མ་ཚུགས་ཚུན་ ཁོང་གིས་ སྐྱེལ་འདྲེན་ཞབས་ཏོག་དེ་ གནས་སྐབས་ཅིག་གི་དོན་ལུ་ མཚམས་འཇོག་འབད་ནི་སྦེ་ཨིན་མས།
མ་གཞི་ མེ་ཏོག་སྐྱེལ་འདྲེན་གྱིས་ སྤྱི་ཟླ་༧ པའི་ཚེས་༡༡ ལས་ར་ ཤར་ནུབ་གཞུང་ལམ་དེ་ཁར་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་བྱིན་ནི་དེ་ བཤོལ་བཞག་ནུག།
ཉིནམ་དག་པ་ཅིག་གི་ཧེ་མར་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ གནད་དོན་འདི་གི་ཐོག་ལུ་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་ཡོདཔ་ད་ ང་བཅས་ཀྱིས་ བལྟ་བ་ཅིན་ རྒྱལ་ཡོངས་ཀྱི་ གཞུང་ལམ་བདའ་སྟེ་ དེ་བཟུམ་མའི་ རྒྱུན་འགྲུལ་གྱི་ དཀའ་ངལ་ཚབས་ཆེན་བྱུངམ་ད་ སྤྱིར་བཏང་མི་མང་གི་ མཐའ་དོན་འགྲུབ་ནི་ལུ་ དམིགས་གཏད་བཟུང་སྟེ་ འཕྲལ་དང་མྱུར་དུ་ དཀའ་ངལ་སེལ་ཐབས་འབད་དགོཔ་འདུག་ཟེར་བའི་ ཚོར་སྣང་བྱུངམ་ཨིན་མས།
གལ་སྲིད་ མི་མང་སྐྱེལ་འདྲེན་ཞབས་ཏོག་ ལག་ལེན་འཐབ་མི་ཚུ་གིས་ ངེས་ཏིག་སྦེ་ར་ སྐྱེལ་འདྲེན་ཞབས་ཏོག་ མཚམས་འཇོག་འབད་བ་ཅིན་ དེ་གིས་ མི་སེར་ཉམ་ཆུང་ཚུ་གི་ རྒྱུན་འགྲུལ་ཐད་ཁར་ བར་ཆད་རྐྱབ་ནི་ཨིནམ་མ་ཚད་ འཚོ་བའི་གནས་སྟངས་ལུ་ཡང་ དཀའ་ངལ་འབྱུང་ནིའི་ ཉེན་ཁ་འདུག།
གཞན་དལ་གཞི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ ཧ་ལམ་ མཇུག་བསྡུ་ཚར་དགོཔ་ཅིག་ཨིན་རུང་ དུས་ཚོད་མངམ་འགོར་མི་ལུ་བརྟེན་ ད་རུང་ ཕར་འཕུད་རྐྱབ་སྟེ་ སྤྱི་ལོ་༢༠༡༨ ཀྱི་ སྔ་ཆ་ཚུན་ མཇུག་བསྡུའི་ཞག་དུས་ བསྣར་འགྱངས་འབད་ནུག།
འདས་པའི་ ཤར་ནུབ་གཞུང་ལམ་རྒྱ་བསྐྱེད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ གི་ ཟླཝ་༣ པའི་ནང་ རྒྱ་བསྐྱེད་ལཱ་ བརྒྱ་ཆ་༧༥ དེ་ཅིག་ མཇུག་བསྡུ་ཡོདཔ་སྦེ་ཨིནམ་ད་ དེ་ལུ་དཔྱད་བལྟ་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ ལཱ་ཤུལ་གྲུབ་འབྲས་ སྦོམ་སྦེ་ར་ འཐོན་དགོཔ་འདུག།
མ་གཞི་ ཆར་ཆུའི་དུས་ཚོད་ལུ་ ག་ཏེ་འབད་རུང་ བྱ་སྟབས་མ་བདེ་བའི་ གནས་སྟངས་ཚུ་ བྱུངམ་ཨིན་རུང་ རྒྱལ་ཡོངས་ཀྱི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ལུ་ ཚ་གྱང་ཐེབས་འབག་སྟེ་ གཙོ་རིམ་བཟུང་པ་ཅིན་ ད་རེས་ སྐྱེལ་འདྲེན་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ དེ་བཟུམ་མའི་ མཐའ་ཚིག་ཉེན་བརྡ་བྱིན་དགོཔ་ཡང་ མི་འཐོན་ནི་ཨིན་མས།
བློན་ཆེན་མཆོག་གིས་ འདས་པའི་ལོ་ནང་ གནམ་གྲུའི་ཐོག་ལས་ ཤར་ནུབ་གཞུང་ལམ་གྱི་ གནས་སྟངས་གཟིགས་ཞིབ་ གནང་པའི་སྐབས་ གཞུང་ལམ་རྒྱ་བསྐྱེད་ཀྱི་དོན་ལུ་ རིན་ཐང་ཅན་གྱི་ མ་རྩ་གཞི་བཙུགས་འབད་དགོ་མི་དེ་ཡང་ རྒྱལ་ཁབ་ཀྱི་ སྲོག་ལམ་འབད་ནི་དེ་གིས་ཨིན་ཟེར་ དྲན་གསལ་འབད་ཡོདཔ་ལས་ དཀའ་ངལ་ག་བཟུམ་འབྱུང་རུང་ དེ་ལུ་ འཚེར་སྣང་མེད་པར་ གདོང་ལེན་འབད་དགོཔ་འདུག།
འབྲེལ་ཡོད་དབང་འཛིན་ཚུ་གིས་འབད་རུང་ གཞུང་ལམ་རྒྱ་བསྐྱེད་འབདཝ་དང་འབྲེལ་ རྒྱུན་འགྲུལ་ལུ་ བར་ཆད་མེད་པའི་ བརྩོན་ཤུགས་བསྐྱེད་པ་ཅིན་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་ལུ་ཡང་ ཐོ་ཕོག་དགོཔ་ཅིག་ རྩ་ལས་ར་ མིན་འདུག།
དེ་འབདཝ་ལས་ སྤྱིར་མི་མང་གི་ མཐའ་དོན་ལུ་དམིགས་ཏེ་ གཞུང་ལམ་རྒྱ་བསྐྱེད་དང་འབྲེལ་བའི་ རྒྱུན་འགྲུལ་གྱི་དཀའ་ངལ་དེ་ གང་མགྱོགས་སེལ་ཐབས་ འབད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *