རྒྱ་སྐྱེད་འབད་ཚར་མི་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་གཞུང་ལམ།

གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་བའི་ ཉོགས་བཤད།

༉ འཕྲལ་འཕྲལ་ར་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་གཞུང་ལམ་གྱི་བར་ན་ སྣུམ་འཁོར་ཚུ་ ཤུགས་ཚད་ལས་བརྒལ་བཏང་དོ་ཡོད་མི་ལུ་བརྟེན་ གཞུང་ལམ་གྱི་ཟུར་ཁར་སྡོད་མི་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།

དེ་ཡང་ ལམ་སྐེདཔ་བཏོག་འགྱོ་དགོཔ་ཐོནམ་ད་ ཉེན་ཁ་ཡོདཔ་མ་ཚད་ ས་གནས་ལ་ལོ་ཅིག་ནང་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ གཞུང་ལམ་བདའ་སྟེ་སྡོད་མི་ཚུ་གིས་ བཤདཔ་ཨིན་པས།

ཨ་རྟག་ར་ ཚ་གྱང་ལང་སྡོད་མི་གཅིག་ བཀང་ལུང་ཁྲོམ་ཁར་ ཚོང་རྐྱབ་སྡོད་མི་ ཚེ་རིང་ཆོས་འཕེལ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་འགྱོ་སའི་ འཁོར་ལམ་མཐུད་མཚམས་གུ་ བརྡ་བྱང་དང་ ཤུགས་ཚད་མར་ཕབ་འབད་ས་ཅིག་ བཟོ་སྟེ་མེདཔ་ལས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ ཚེ་རིང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ མོ་གི་ ཁྱིམ་ཚང་ཨ་ལོ་ཅིག་ སྣུམ་འཁོར་གྱིས་ བརྡུང་ནི་འབད་ཡི་ཟེར་ཨིནམ་ད་ ཨའི་གིས་ མ་འཐེན་པ་ཅིན་ བསད་དཔ་འོང་ཟེར་ཨིན་པས།

གཞུང་ལམ་རྒྱ་སྐྱེད་འབད་ཚར་མི་ལུ་བརྟེན་ རྒས་ཤོས་དང་ ཨ་ལོ་གཉིས་ཆ་ར་ལུ་ ཉེན་ཁ་འདུག་ཟེར་ཨིནམ་ད་ སྣུམ་འཁོར་ཤུགས་བཏང་མི་ལུ་བརྟེན་ རོ་ཁྱི་མང་རབས་ཅིག་ བསད་ཡི་ཟེར་ཨིན་པས།

གཞུང་ལམ་ཁར་སྡོད་མི་ཚུ་གིས་ ས་གནས་ཁག་ཚུ་ནང་ ཤུགས་ཚད་བཀག་ཐབས་འབད་དགོ་པའི་སྐོར་ལས་ ཌཱན་ཊག་ལས་འགུལ་ལུ་ ཞུ་བ་འབད་ཡོད་རུང་ མཐུན་རྐྱེན་འཐོབ་མ་ཚུགས་ཟེར་ཨིན་པས།

རོ་ཁྱི་ཚུ་ གཞུང་ལམ་སྐེདཔ་བཏོག་འགྱོཝ་ད་ སྤྱང་ཁྱི་གིས་མ་ཚད་པར་ གསོ་ཁྱི་ཚུ་ཡང་ བསད་ཡི་ཟེར་ མཁང་མ་ལུ་སྡོད་མི་ཅིག་གིས་ སླབ་ཨིན་པས།

གཞུང་ལམ་རྒྱ་སྐྱེད་འབད་ཚར་ཞིནམ་ལས་ཚུར་ སྣུམ་འཁོར་ཚུ་ ཤུགས་ཚད་ལས་བརྒལ་བཏང་ནི་ འགོ་བཙུགས་ཡི་ཟེར་ ཡོན་ཕུ་ལ་ལུ་སྡོད་མི་ ཨ་ལོའི་ཨའི་ སྐལ་བཟང་གིས་ བཤད་པའི་ཁར་ སྣུམ་འཁོར་སྣང་མེད་བཏང་མི་ལུ་བརྟེན་ ཚེ་སྲོག་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།

རོང་ཐུང་ལུ་སྡོད་མི་ སྐྱེས་ལོ་༧༡ ལང་མི་ སངས་རྒྱས་རྒྱལ་མཚན་གྱིས་འབད་བ་ཅིན་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་མི་དེ་ མང་ཤོས་ར་ དེད་གཡོགཔ་གཞོནམ་ཚུ་ཨིན་མས་ཟེར་ཨིནམ་ད་ གཞུང་ལམ་བདའ་སྟེ་ ནོར་འཚོ་མི་དང་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་ཚུ་ཡོདཔ་ལས་ ཉེན་ཁ་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཁོར་ལམ་བདའ་སྟེ་ གཏན་འཇགས་ཀྱི་ཐབས་ལམ་ བཏོན་དགོཔ་འདུག་ཟེར་ཨིནམ་ད་ དེད་གཡོགཔ་ཚུ་གིས་འབད་རུང་ ས་གནས་ནང་ལྷོདཔ་ད་ འགྲོས་ཀྱིས་སྦེ་གཏང་པ་ཅིན་ ཉེན་སྲུང་འོང་ནི་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྣུམ་འཁོར་བརྡ་སྟོན་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་རུང་ ཁོང་ཡོདཔ་ད་མ་གཏོགས་ འགོ་དཔོན་ཚུ་ རྒྱབ་ཐལ་བའི་བསྒང་ལས་ ལོག་སྟེ་ར་ ཤུགས་སྦེ་བཏངམ་མས་ཟེར་ཨིན་པས།

བཀྲིས་སྒང་སྤམ་ལུ་སྡོད་མི་ ཚེ་རིང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འབྲེལ་བའི་འགོ་དཔོན་ཚུ་གིས་ འཕྲལ་འཕྲལ་ར་ ཞིབ་དཔྱད་འབད་བ་ཅིན་ ཕན་ཐོགས་ནི་མས་ཟེར་ཨིནམ་ད་ མོ་གི་ཁྱིམ་དེ་ འཁོར་ལམ་གྱི་འོག་ལུ་འབདཝ་ལས་ ཉེན་ཁ་འདུག་ཟེར་ཨིན་པས།

བཀྲིས་སྒང་གི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་འགོ་དཔོན་ བསོན་ནམས་ཚེ་རིང་འབད་བ་ཅིན་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ གཏང་མ་ཆོག་པའི་སྐོར་ལས་ དེད་གཡོག་པའི་ཆོག་ཐམ་ མ་བྱིན་པའི་ཧེ་མར་ བརྡ་དོན་སྤྲོད་དོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གཞུང་ལམ་བདའ་སྟེ་ དུས་དང་དུས་སུ་ ཞིབ་དཔྱད་འབད་དོ་ཟེར་ཨིནམ་ད་ དེ་བསྒང་ ལམ་ལུགས་ལུ་གནས་མི་ དེ་ཅིག་ར་ མིན་འདུག་ཟེར་ཨིན་པས།

སྣུམ་འཁོར་ཚུ་གི་ ཤུགས་ཚད་བལྟ་ནིའི་དོན་ལུ་ ཅ་ཆས་ཚུ་ཡོད་རུང་ མི་སྟོབས་མ་ལང་པའི་ དཀའ་ངལ་ཡོད་ཟེར་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *