གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་ འགོ་བཙུགས་ཡོདཔ།

༉ ཁ་ཙ་ མི་དབང་རྒྱལ་སྲས་ འཇིགས་མེན་རྣམ་རྒྱལ་དབང་ཕྱུག་མཆོག་ དགུང་ལོ་༧ བཞེས་པའི་ འཁྲུངས་སྟོན་བརྩི་སྲུང་ཞུཝ་དང་འབྲེལ་ རྒྱལ་སྲས་ཕྱགས་སྙིགས་འཛིན་སྐྱོང་ཚོགས་ཆུང་གི་ཁྲི་འཛིན་ ཀརྨ་ཡོན་ཏན་གྱིས་ རྫོང་ཁག་༤ ནང་ སྣུམ་འཁོར་བཏང་ཐོག་ལས་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ ལས་རིམ་ཅིག་ འགོ་འབྱེད་འབད་ཡི།

སྣུམ་འཁོར་དང་གཅིག་ཁར་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ ལས་རིམ་དེ་ཡང་ ཀི་ལེན་བྷུ་ཊཱན་དང་ ལམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ དེ་ལས་ ཌཱན་ཊག་ལས་འགུལ་༣ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

ཌཱན་ཊག་ལས་འགུལ་གྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ལས་རིམ་དེ་ཡང་ ཤར་ནུབ་གཞུང་ལམ་ཚུ་བདའ་སྟེ་ རག་རོ་དང་ ཕྱགས་སྙིགས་མེདཔ་སྦེ་ བཞག་ཐབས་ལུ་ཨིན་པས།

ཌཱན་ཊག་ལས་འགུལ་དང་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ གཞུང་ལམ་ཚུ་བདའ་སྟེ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་དང་ དེ་བཟུམ་སྦེ་ ཁྲོམ་སྡེའི་ནང་འཁོད་ལུ་ ཀི་ལེན་བྷུ་ཊཱན་གྱིས་ འགོ་འདྲེན་འཐབ་ནི་ཨིན་པས།

མི་དབང་རྒྱལ་སྲས་མཆོག་གི་ འཁྲུངས་སྟོན་བརྩི་སྲུང་གི་དོན་ལུ་ མངར་ཟས་ཀེག་བཏོག་པའི་ཤུལ་ལས་ ཌཱན་ཊག་ལས་འགུལ་གྱི་ སྣུམ་འཁོར་༢ ཀྱིས་ ལས་བྱེདཔ་༨ འབག་ཐོག་ལས་ ཐིམ་ཕུག་ལས་ ཆུ་འཛོམས་ཚུན་ཚོད་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནུག།

ཌཱན་ཊག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་ མདོ་འཛིན་ཇཱསི་ཝིན་ཌར་སིང་གིས་ སླབ་མིའི་ནང་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་མཐོང་གསལ་མེད་པར་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་གི་ ལས་རིམ་འགོ་བཙུགས་མི་དེ་གིས་ མི་ཚུ་གི་ ནང་འཁོད་ལུ་ ཕྱགས་སྙིགས་དང་ རག་རོ་ཚུ་ ག་ལྷོད་སར་ བཀོ་ནི་ལས་ འཛེམ་དགོ་པའི་ ཚོར་སྣང་བསྐྱེད་འོང་ཟེར་ཨིན་པས།

ཕྱགས་སྙིགས་བསྡུ་ནིའི་ ལས་རིམ་དེ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དེ་ལས་ སྤ་རོའི་གཞུང་ལམ་བདའ་སྟེ་ འགོ་འདྲེན་འཐབ་མི་དེ་ཡང་ ལྟ་བཤལཔ་མངམ་ འགྲོ་འགྲུལ་འབད་མི་ལུ་བརྟེན་ཨིན་པས།

ཀི་ལེན་བྷུ་ཊཱན་གྱི་ བཀོད་ཁྱབ་མདོ་ཆེན་ དངོས་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ཁོ་གི་ལས་སྡེའི་ཁ་ཐུག་ལས་ ཌཱན་ཊག་ལས་འགུལ་དང་ མཉམ་འབྲེལ་འབད་དེ་ ཕྱགས་སྙིགས་ཚུ་ ཕྱི་སེལ་རྐྱབ་ནི་གི་ ཆ་རོགས་འབད་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ སྣུམ་འཁོར་བདའ་སྟེ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་དེ་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ བཀྲིས་སྒང་ལུ་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་དེ་ བདུན་ཕྲག་དང་ ཡང་ཅིན་ ཟླཝ་རེ་གི་བར་ན་ཚར་རེ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ། 

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *