གཞུང་འབྲེལ་ཡིག་ཚང་བཀའ་རྒྱའི་རིགས་ རྫོང་ཁའི་ཐོག་ལུ་ བཏོན་དགོཔ་བཟོ་ནི་ལུ་གཙོ་རིམ།

༉ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལག་ལེན་ ཡར་དྲག་གཏང་ནིའི་དོན་ལུ་ རྩིས་ལོ་༢༠༡༩-༢༠ ལས་འགོ་བཙུགས་ཏེ་ གཞུང་འབྲེལ་གྱི་ ཡིག་ཚང་བཀའ་རྒྱ་ཚུ་ ངེས་པར་དུ་ རྫོང་ཁའི་ཐོག་ལུ་ར་ གཏང་དགོཔ་ཨིན་པས།
དེ་ཡང་ རྫོང་ཁ་ལག་ལེན་འཐབ་ནི་དེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ནང་ དམིགས་བསལ་གྱི་ གྲུབ་འབྲས་བརྡ་སྟོན་གཙོ་ཅན་སྦེ་ བཞག་སྟེ་ཡོདཔ་བཞིན་དུ་ ཡིག་ཚང་བཀའ་རྒྱའི་རིགས་ བསྐོ་བཞག་བཀའ་རྒྱ་དང་ གནས་སོར་ འགན་གྲོལ་ དེ་ལས་ གོ་གནས་ཡར་སེང་དང་ སྤྱིར་བཏང་ཡིག་ཚང་གི་བཀའ་རྒྱ་ཚུ་ རྫོང་ཁའི་ཐོག་ལུ་ གཏང་དགོཔ་ཨིན་པས།
ཨིན་རུང་ ད་ལྟོ་ ལྷན་ཚོགས་ཀྱི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་དེ་ བློན་ཆེན་དང་ མཚན་རྟགས་མ་བཀོད་པར་ཡོདཔ་ད་ མཚན་རྟགས་བཀོད་པའི་ཤུལ་ལས་ གཞུང་གི་ཡིག་ཚང་ཚུ་གིས་ རྫོང་ཁ་ལག་ལེན་འཐབ་དགོཔ་ཨིན་པས།
ལྷན་ཚོགས་ཀྱི་དྲུང་ཆེན་ ཚེ་དབང་ནོར་བུ་གིས་ སླབ་མིའི་ནང་ རྫོང་ཁ་གོང་འཕེལ་གཏང་ནི་དེ་ གལ་ཅན་ཅིག་ཨིན་རུང་ འདས་པའི་ལོ་ཚུ་ནང་ རྫོང་ཁ་ལག་ལེན་འཐབ་མི་ མར་བབས་སོང་ཡོདཔ་ལས་ ཚ་གྱང་ཆེ་བའི་ གཞི་གནད་ཅིག་ཨིན་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ལྷན་ཚོགས་ཀྱིས་ ཡིག་འགྲུལ་དང་ ཁྱབ་བསྒྲགས་ བཀའ་རྒྱ་ཚུ་ནང་ གཙོ་རིམ་བཟུང་ཐོག་ལས་ རྫོང་ཁ་དང་ ཨིང་སྐད་ཐོག་ལས་ ལག་ལེན་འཐབ་ཡོད་མེད་སྐོར་ བརྟག་ཞིབ་འབདཝ་ད་ བརྒྱ་ཆ་༩༠ དེ་ཅིག་གིས་ ཨིང་སྐད་ལག་ལེན་འཐབ་པའི་ཁར་ སྤྱིར་སྙོམས་ནང་ བརྒྱ་ཆ་༡༠ རྐྱངམ་གཅིག་གིས་ རྫོང་ཁ་ནང་ ལག་ལེན་འཐབ་ཡོདཔ་སྦེ་ མངོན་གསལ་བྱུང་ཡི་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།
གཞུང་གི་ཡིག་ཚང་ ལ་ལོ་ཅིག་ནང་ རྫོང་ཁའི་ཡི་གུ་ ཕུད་རྡོག་གཅིག་ཡང་ གསལ་སྟོན་འབད་མི་ མེདཔ་ཨིན་པས།
རྩ་ཁྲིམས་ཆེན་མོའི་ རྩ་ཚན་དང་པའི་ རྩ་དོན་༨ པ་དང་འཁྲིལཝ་ད་ རྫོང་ཁ་དེ་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་ཨིནམ་སྦེ་ གསལ་བཀོད་འབད་བའི་ཁར་ སྤྱི་ལོ་༡༩༧༡ ལུ་ ཤེས་རིག་ལས་ཁུངས་ཀྱིས་ རྫོང་ཁའི་འབྲི་ལྷག་ཡར་རྒྱས་གཏང་དགོཔ་སྦེ་ བཟོ་ནུག་ཟེར་ཨིན་པས།
ད་རེས་ རྫོང་ཁ་ཡིག་ཐོག་ལུ་ ལག་ལེན་འཐབ་མི་དེ་ སྐྱོ་དྲགས་ཡོད་རུང་ རྫོང་ཁ་སླབ་ནི་དང་ ཧ་གོ་ནི་དེ་ ཧེ་མ་དང་ཕྱདཔ་ད་ ཡར་རྒྱས་སོང་ནུག་ཟེར་ དྲུང་ཆེན་ཚེ་དབང་ནོར་བུ་གིས་ བཤད་པའི་ཁར་ སྤྱི་ལོ་༡༩༩༣ ལས་གཞུང་འབྲེལ་གྱི་ ཞལ་འཛོམས་དང་ གྲོས་འཛོམས་ དེ་ལས་ དམིགས་བསལ་དུ་ མི་སེར་ཚུ་ཡོད་པའི་སྐབས་ གསལ་བཤད་ཚུ་ རྫོང་ཁའི་ཐོག་ལུ་ སླབ་དགོཔ་སྦེ་ བཀའ་ཤོག་དང་ བཀའ་རྒྱ་ཚུ་ ལན་ཐེངས་མང་རབས་ཅིག་གནང་རུང་ རྫོང་ཁ་མེན་པར་ ཨིང་སྐད་དེ་ར་ ལག་ལེན་འཐབ་སྡོདཔ་མས་ཟེར་ བཤདཔ་ཨིན་པས།
ཡི་གུ་འབྲི་ནིའི་ཐད་ལུ་ བཀའ་ཤོག་མེད་རུང་ བཀའ་རྒྱ་ཡོད་ཟེར་ཨིནམ་ད་ སྤྱི་ལོ་༡༩༩༤ ལུ་ འཆར་གཞི་༧ པ་ བར་མཚམས་བསྐྱར་ཞིབ་སྐབས་ གཞུང་འབྲེལ་ཡི་གུ་ཚུ་ ཨིན་ཅི་མིན་ཅི་ རྫོང་ཁའི་ཐོག་ལུ་དང་ ལས་བྱེད་ཐོ་དེབ་ འགྲུལ་འཁོར་ཨང་གྲངས་ བརྒྱུད་འཕྲིན་ཐོ་དེབ་ ཁྱིམ་གྱི་གུང་གྲངས་དང་ ཁ་བྱང་ བརྡ་བྱང་ རས་བྱང་ག་ར་ རྫོང་ཁའི་ཐོག་ལུ་ ལག་ལེན་འཐབ་དགོ་པའི་ བཀའ་རྒྱ་ཡོདཔ་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ རྫོང་ཁ་ལག་ལེན་འཐབ་དགོ་པའི་ བཀའ་ཤོག་དང་ བཀའ་རྒྱ་༡༥ དེ་ཅིག་གནང་རུང་ ལག་ལེན་མ་འཐབ་པའི་ཁར་ ལས་སྡེ་ཚུ་ནང་ རྫོང་ཁ་ཤེས་མི་ འགོ་དཔོན་ཚུ་ཡོད་རུང་ མང་ཤོས་ཅིག་གིས་ ཡི་གུ་ཚུ་ ཨིང་སྐད་ཐོག་ལས་ གཏང་ནི་ལུ་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
རྫོང་ཁ་ལག་ལེན་འཐབ་ནི་དེ་ ལྷན་ཚོགས་ཀྱི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ནང་ བཙུགས་མི་དེ་ལུ་ གནད་དོན་སྦོམ་ཡོད་ཟེར་ དྲུང་ཆེན་གྱིས་ བཤད་པའི་ཁར་ དུས་ཅི་ལས་ གཞུང་གི་ཡིག་ཚང་དང་ ལས་སྡེ་ག་ར་གིས་ རྫོང་ཁའི་ཐོག་ལུ་ གཞུང་འབྲེལ་གྱི་ ཡི་གུ་གཏོང་ལེན་འབད་ནི་ལུ་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ དམིགས་གཏད་ཅིག་ནང་ ཚུད་དགོ་ཟེར་ བཤདཔ་ཨིན་པས།
མ་གཞི་ ལྷན་ཚོགས་ཀྱིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ནང་ ཁྱབ་བསྒྲགས་དང་ གསལ་བསྒྲགས་ཚུ་ རྫོང་ཁའི་ཐོག་ལུ་ གཏང་དགོ་པའི་ གྲོས་འཆར་ཕུལ་ཡོད་རུང་ གཞུང་སྐྱོང་མཆོག་འགྱུར་ཡིག་ཚང་གིས་ བཏོན་བཏང་ཐོག་ལས་ བཀའ་རྒྱ་རྐྱངམ་གཅིག་ བཞག་ནུག་ཟེར་ དྲུང་ཆེན་གྱིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ ད་ལྟོ་ འགོ་བཙུགསཔ་ཅིག་ཨིནམ་ལས་ མ་འོངས་པ་ལུ་ དེ་ཚུ་ ག་ར་བཙུགས་ནི་གི་ ལས་འཆར་ཡོདཔ་བཞིན་དུ་ གནད་དོན་དེ་ སྤྱི་ལོ་༢༠༡༨ ལུ་ བཙུགས་ནི་གི་ དཔའ་བཅམ་རུང་ འབད་མ་ཚུགས་ཟེར་ཨིན་པས།
ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གུ་ མཚན་རྟགས་བཀོད་པའི་ཤུལ་ལས་ ལྷན་ཚོགས་ཀྱིས་ ལས་སྡེ་ཚུ་ནང་ ཡིག་ཚང་བཀའ་རྒྱ་ཚུ་ རྫོང་ཁའི་ཐོག་ལས་ གཏང་དགོ་པའི་ ཡིག་ཚང་བཀའ་རྒྱ་ གཏང་འོང་ཟེར་ཨིན་པས།
འཆར་གཞི་༡༢ པའི་ ལས་སྣ་དང་འཁྲིལ་ཏེ་ རྩིས་ལོ་དེ་ནང་ རྫོང་ཁ་ལག་ལེན་དང་ རྫོང་ཁ་ཤེས་ཡོན་གྱི་ ཁྱད་རིག་གནས་ཚད་བལྟ་ནི་ དེ་ལས་ ལྷན་ཚོགས་ཀྱིས་ རྫོང་ཁ་འི་མཁོ་ཆས་བཟོ་མི་ཚུ་ ག་དེ་ཅིག་གིས་ ལག་ལེན་འཐབ་དོ་ག་ བལྟ་ནིའི་དོན་ལུ་ ཞིབ་འཇུག་ཅིག་ འགོ་འདྲེན་འཐབ་ནིའི་དོན་ལས་ ཁ་གསལ་གྱི་ གྲོས་འཆར་མཇུག་བསྡུ་ཡོདཔ་བཞིན་དུ་ ལཱ་འབད་ནི་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།
ཞིབ་འཇུག་དེ་གིས་ མི་ཚུ་གིས་ གནད་དོན་ག་ཅི་ལུ་བརྟེན་ རྫོང་ཁ་ལག་ལེན་མ་འཐབ་ཨིན་ན་ ཤེས་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ དྲུང་ཆེན་གྱིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *