གཞུང་མིན་ལས་སྡེ་ཚུ་ལུ་ རྩིས་ཉོགས་དངུལ་ཀྲམ་ས་ཡ་༡༦༧ ལྷགཔ་ཅིག་ཡོདཔ།

༉ སྤྱི་ལོ་༢༠༡༦ ལས་༢༠༡༧ གྱི་ ཟླཝ་༩ པའི་ཚེས་༣༠ ཚུན་ ལས་སྡེ་ཚུ་གིས་ རྩིས་ཉོགས་སེལ་མ་ཚུགས་མི་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༡.༠༢༤ ལྷགཔ་ཅིག་ཡོད་ས་ལས་ གཞུང་མིན་ལས་སྡེ་རྐྱངམ་གཅིག་ལུ་ར་ རྩིས་ཉོགས་དངུལ་ཀྲམ་ས་ཡ་༡༦༧.༢༥༡ དེ་ཅིག་ ཡོདཔ་ཨིན་པས།
དེའི་གྲས་ལས་ མཐོ་ཤོས་ར་ ལས་འཛིན་ཚུ་ལུ་ དངུལ་ཀྲམ་ས་ཡ་༦༩.༩༦༦ དེ་ཅིག་ཡོདཔ་ད་ དེའི་འོག་ལས་ རང་སྐྱོང་འདུས་ཚོགས་ལུ་ དངུལ་ཀྲམ་ས་ཡ་༦༣.༨༥༩ དང་ དངུལ་འབྲེལ་གཙུག་སྡེ་ལུ་ དངུལ་ཀྲམ་ས་ཡ་༢༠.༥༦༢ དེ་ལས་ གཞུང་མིན་ལས་ཚོགས་ལུ་ རྩིས་ཉོགས་མ་འགྲིགས་མི་ དངུལ་ཀྲམ་ས་ཡ་༡༢.༨༦༤ ཡོདཔ་ཨིན་པས།
རྩིས་ཉོགས་མ་འགྲིག་མི་ ལས་འཛིན་༡༠ ཡོདཔ་བཞིན་དུ་ དེའི་གྲས་ལས་ མཐོ་ཤོས་ར་ འབྲུག་གློག་མེ་ལས་འཛིན་ལུ་ དངུལ་ཀྲམ་ཡ་ས་༣༩.༡༧༣ ཡོདཔ་ད་ དེའི་འོག་ལས་ གདུང་བསམ་རྩི་ས་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༡༢.༤༨༤ དེ་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༩.༤༦༢ ཡོདཔ་ཨིན་པས།
གཞན་མི་ཚུ་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་དང་ དཔལ་ལྡན་རྩི་ས་སྤྱི་མཐུན་དབང་འཛིན་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ འབྲུག་རྒྱང་བསྒྲགས་ལས་འཛིན་ འབྲུག་བརྒྱུད་འཕྲིན་ཚད་ འབྲུག་བཟའ་སྤྱོད་ལས་འཛིན་ དེ་ལས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ཚུ་ ཨིན་པས།
རང་སྐྱོང་འདུས་ཚོགས་ཚུ་ལུ་ རྩིས་ཉོགས་འགྲིག་མ་ཚུགས་མི་ དངུལ་ཀྲམ་ས་ཡ་༦༣.༨༥༩ ཡོད་ས་ལས་ མཐོ་ཤོས་ར་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ལུ་ དངུལ་ཀྲམ་ས་ཡ་༥༤.༤༦༢ ཡོདཔ་ད་ དེའི་འོག་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་དངུལ་ཀྲམ་ས་ཡ་༤.༧༦༤ དྲང་ཁྲིམས་ལྷན་སྡེ་ལུ་ དངུལ་ཀྲམ་ས་ཡ་༢ དེ་ལས་ གྲྭ་ཚང་ལྷན་ཚོགས་ལུ་ དངུལ་ཀྲམ་ས་ཡ་༠.༡༠༡ ཡོདཔ་ཨིན་པས།
གཞན་མི་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ འབྲུག་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ ཞི་བའི་མི་སྡེ་འདུས་ཚོགས་ དེ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་ཚུ་ ཨིན་པས།
རྩིས་ཉོགས་འགྲིག་མ་ཚུགས་མི་ དངུལ་འབྲེལ་གཙུག་སྡེ་༢ ལས་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༡༩.༣༨༨ དང་ འབྲུག་གོང་འཕེལ་དངུལ་ཁང་ལུ་ དངུལ་ཀྲམ་ས་ཡ་༡.༡༧༤ ཡོདཔ་ད་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་གི་དངུལ་ཁང་གཉིས་ལུ་འབད་བ་ཅིན་ དངུལ་འབྲེལ་མ་ཡིན་པའི་ རྩིས་ཉོགས་ཡོད་ཟེར་ རྒྱལ་གཞུང་རྩིས་ཞིབ་ཀྱི་ཐོ་ནང་ ཚུད་ཡོདཔ་ཨིན་པས།
དེ་ལས་ གཞུང་མིན་ལས་ཚོགས་ཀྱི་གྲས་ལས་འབད་བ་ཅིན་ འབྲུག་གི་ལྟ་བཤལ་ལས་སྤྱོད་ཚོགས་པ་ལུ་ དངུལ་ཀྲམ་ས་ཡ་༡༢.༨༦༤ ཡོདཔ་ད་ རྩིས་ཉོགས་ཚུ་ སེལ་ཚུགས་པ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་མི་དེ་ རྩིས་ཉོགས་སེལ་མི་ལས་ཐོབ་མི་ མ་དངུལ་དེ་ གོང་འཕེལ་ལཱ་འབད་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
རྩིས་ཉོགས་ཚུ་ དབྱེ་ཁག་༤ ལུ་ བཟོ་ཡོདཔ་བཞིན་དུ་ དེ་ཚུ་ཡང་ གཡོ་ཟོལ་དང་ ངན་ལྷད་ལྐོག་ཟ་ ཚུལ་མིན་འཛིན་སྐྱོང་ ཁྲིམས་ལུགས་དང་ བཅའ་ཡིག་ཚུ་ལས་འགལ་བ་ དེ་ལས་ ཆད་སྐྱོན་དང་ནོར་འཁྲུལ་གནོད་སྐྱོན་ཚུ་ ཨིན་པས།
དབང་འཛིན་འབད་བ་ཅིན རྩིས་འགྲིག་མ་འབྱུང་མི་ རྩིས་ཉོགས་མཐོ་ཤོས་ར་ ཆད་སྐྱོན་དང་ནོར་འཁྲུལ་གནོད་སྐྱོན་དང་ དེའི་འོག་ལས་ ཁྲིམས་ལུགས་དང་བཅའ་ཡིག་ཚུ་ལས་འགལ་བའི་ལཱ་འབད་མི་ དེ་ལས་ ཚུལ་མིན་འཛིན་སྐྱོང་གི་ནང་ཡོདཔ་ད་ མཇུག་དེ་ར་ གཡོ་ཟོལ་དང་ངན་ལྷད་ལྐོག་ཟའི་ བྱ་ངན་ཐོག་ལས་ མ་དངུལ་ལག་ལེན་འཐབ་མི་དེ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *