གཞུང་དངུལ་ལོག་སྤྱོད་འབད་ནི་ཚུ་བཀག་དགོཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་ ངན་ལྷད་སྔོན་འགོག་འབད་ནིའི་དོན་ལུ་ གོ་བརྡ་ཚུ་ སྤྲོད་བཞིན་དུ་ཡོདཔ་མ་ཚད་ གཞུང་དངུལ་ལྐོག་ཟ་འབད་མི་ཚུ་ལུ་ བཟོད་བསྲན་མེད་པའི་ ཁྲིམས་ཀྱི་གདོང་ལེན་ཚུ་ དམ་སྒྲིང་འབད་དེ་ར་ཡོདཔ་ཨིན།

ཨིན་རུང་ ཞི་གཡོགཔ་དང་ ལས་འཛིན་གྱི་ ལས་གཡོགཔ་ཚུ་གིས་ ཚུལ་མིན་ལག་ལེན་དང་ གཞུང་དངུལ་སྒེར་སྤྱོད་འབད་བའི་ རྩོད་དོན་ཚུ་ལུ་ལྟཝ་ད་ འབྲེལ་ཡོད་དབང་འཛིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ ཁྲིམས་འདུན་ཚུ་ལུ་ འདྲོག་འཇིགས་དང་ འཚེར་སྣང་མེད་པའི་ བརྡ་མཚོན་སྟོནམ་མས།

གཞུང་གི་ལྷན་ཁག་དང་ ལས་ཁུངས་ ལས་སྡེ་ཚུ་ནང་ མཁོ་སྒྲུབ་དང་ རིན་བསྡུར་ཚུ་ནང་ ཚུལ་མིན་ལག་ལེན་དང་ ངན་ལྷད་འཐབ་པའི་ ཉོགས་བཤད་རྒྱ་ཆེཝ་སྦེ་ཡོད་རུང་ ལས་གཡོགཔ་ཚུ་གིས་ ཉིན་འཐུས་དང་ འགྲུལ་འཐུས་ལ་སོགས་པའི་ དངུལ་འབྲེལ་ཁེ་ཕན་གཞན་ཚུ་ ཚུལ་མིན་གྱི་སྒོ་ལས་ ཐོབ་བརྗོད་བཀོད་ནི་ཚུ་ཡང་ ཁྱབ་ཆེ་དྲགས་སྦེ་ ཐོནམ་ཨིན་མས།

འཕྲལ་གྱི་བྱུང་རྐྱེན་དང་འཁྲིལ་བ་ཅིན་ གསོ་བའི་ལྷན་ཁག་ནང་ འགོ་དཔོན་དང་ ལས་བྱེདཔ་༣༤ གིས་ འཛམ་གླིང་རྒྱལ་སྤྱིའི་ མ་དངུལ་གྲོགས་རམ་ཐོག་ལུ་ ལག་ལེན་འཐབ་མི་ ལས་འགུལ་༢ ལས་ གོ་སྐབས་ལེན་ཐོག་ལས་ ཉིན་འཐུས་ཐེབས་ དངུལ་ཀྲམ་༤༡༧,༥༧༢ ཐོབ་བརྗོད་བཀོད་མི་དེ་ ཁྲིམས་འགལ་གྱི་ ལཱ་བྱ་ཅིག་ཨིན་མས།

འདི་བཟུམ་མའི་ ཚུལ་མིན་ལག་ལེན་ཚུ་ཡང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ལོ་༢༠༡༦ དང་༢༠༡༧ ལུ་ ལག་ལེན་འཐབ་མི་ འཛམ་གླིང་གསོ་བའི་ལས་སྡེ་དང་ ཡུ་ཨེན་ཨེཕ་པི་ཨེ་ལས་སྡེའི་ ལས་འགུལ་༢ ལུ་ བསྐྱར་ཞིབ་འབད་བའི་སྐབས་ལུ་ བདའ་ཟུན་ཡོདཔ་ད་ དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་གིས་ འཛམ་གླིང་གསོ་བའི་ལས་སྡེའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོད་མི་ ནང་འཁོད་ཀྱི་ སྦྱོང་བརྡར་ ཡང་ཅིན་ གོ་བསྡུར་ཞལ་འཛོམས་ཚུ་ནང་ བཅའ་མར་གཏོགསཔ་ད་ ཉིན་འཐུས་ཀྱི་དོན་ལུ་ རང་སོའི་ཞི་གཡོག་སྡེ་རིམ་ཡར་སེང་སྟེ་ ཐོབ་བརྗོད་བཀོད་ཡོདཔ་ཨིན་མས།

སྙན་ཞུ་དང་འཁྲིལཝ་ད་ གསོ་བའི་ལས་བྱེདཔ་ཚུ་གིས་ སྡེ་རིམ་ཡར་སེང་སྟེ་ ཉིན་འཐུས་ཚུ་ ཐོབ་བརྗོད་བཀོདཔ་ད་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དང་ ལས་རིམ་འཛིན་སྐྱོང་འབད་མི་ དེ་ལས་ རྩིས་འཛིན་པ་ཚུ་གིས་ དབྱེ་དཔྱད་མ་འབད་མི་ལུ་བརྟེན་ འཐུས་ཤོར་བྱུང་ནུག་ཟེར་མ་གཏོགས་ དབང་འཛིན་པ་ཚུ་ལུ་ འགན་འཁྲི་བཀལ་བའི་ ལོ་རྒྱུས་ག་ནི་ཡང་མིན་འདུག།

ཕྱིའི་གྲོགས་རམ་ལས་སྡེ་ཚུ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་བྱིན་མི་དེ་ཡང་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ནི་དང་ གཞི་རྟེན་ཁང་ཚུ་ ལེགས་ཤོམ་བཟོ་ཐབས་ལུ་ཨིནམ་ལས་ འགོ་འདྲེན་འཐབ་མི་དང་ ལྟ་རྟོག་འབད་མི་ཚུ་གིས་ར་ མི་མང་གི་ ཞབས་ཏོག་ཕན་ནུས་ཅན་སྦེ་ མཁོ་སྤྲོད་འབད་ནི་ལུ་ གཙོ་བོར་མ་བཏོན་པར་ རང་དོན་ལུ་ ཤུགས་བཏོན་ཏེ་ གཞུང་དངུལ་ལོག་སྤྱོད་དང་ ཚུལ་མིན་འཐབ་ནི་དེ་ ཀུན་སྤྱོད་རྣམ་གཞག་མེད་མི་དང་ རང་ལཱ་འབད་སའི་ ལས་སྡེ་ལུ་ བརྩི་མཐོང་མེད་པའི་ རྟགས་མཚན་ཅིག་སྟོནམ་མས།

ཉིན་འཐུས་དང་ འགྲུལ་འཐུས་ཚུ་ ཚུལ་མིན་ཐོག་ལས་ ཐོབ་བརྗོད་བཀོད་མི་དེ་ གསོ་བ་ལྷན་ཁག་རྐྱངམ་གཅིག་ནང་མེན་པར་ འདས་པའི་ལོ་བཅུ་ལྷགཔ་ཅིག་གི་ཧེ་མར་ ཤེས་རིག་ལྷན་ཁག་ནང་ཡང་ ཤེས་རིག་སྦྱོང་བརྡར་དང་ གོ་བསྡུར་ཞལ་འཛོམས་ཚུ་ འགོ་འདྲེན་མ་འཐབ་རུང་ འཐབ་ཡོདཔ་སྦེ་བཀོད་དེ་ དེ་ནང་ བཅའ་མར་གཏོགས་མི་ཚུ་གི་ མིང་ཐོ་རྫུས་མ་བཀོད་ཐོག་ལས་ ཉིན་འཐུས་དང་ འགྲུལ་འཐུས་ཚུ་ ཐོབ་བརྗོད་བཀོད་མི་ལུ་བརྟེན་ ཤེས་རིག་འགོ་དཔོན་དང་ སློབ་དཔོན་དག་པ་ཅིག་ ལཱ་གཡོག་ནང་ལས་ དགོངས་གྲོལ་བཏང་པའི་ཁར་ ལ་ལོ་ཅིག་ བཙོན་ཁྲིམས་ཡང་ ཕོག་ཡོདཔ་ཨིན།

དེ་མ་ཚད་ ན་ཧིང་ སྤྱི་ཚོགས་ཀྱི་ འཐུས་མི་ལེ་ཤ་ཅིག་ར་ རང་སོའི་འདེམས་ཁོངས་ནང་ དུས་རྒྱུན་གྱི་ ལྟ་སྐོར་ལུ་ མ་འགྱོ་རུང་ ལྟ་སྐོར་སོང་ཡོདཔ་སྦེ་ ཉིན་འཐུས་ཚུ་ ལེན་ཡོད་པའི་ ཉོགས་བཤད་ཡང་ཐོན་ཡི།

གཞུང་གི་མ་དངུལ་ཟེར་རུང་ མང་ཤོས་ར་ ཕྱིའི་གྲོགས་རམ་བྱིན་མི་དང་ ནང་འཁོད་ཀྱི་ མི་ཚུ་ལས་ བསྡུ་ལེན་འབད་བའི་ རྒྱུ་དངུལ་ཨིནམ་ལས་ ང་བཅས་ག་ར་གིས་ བདག་སྲུང་ཐོག་ ཚུལ་མཐུན་སྦེ་ སྤྱོད་དགོཔ་བཞིན་དུ་ དེ་གི་དོན་ལུ་ ཞི་གཡོགཔ་དང་བཙག་འཐུ་ལས་གྲུབ་པའི་ མི་སེར་གྱི་ སྐུ་ཚབ་ཚུ་གིས་ བཟང་སྤྱོད་དང་ མིག་དཔེ་ལེགས་ཤོམ་ བཏོན་དགོཔ་དེ་ གལ་ཆེ་ཤོས་ཅིག་ཨིན།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *