གཞུང་དང་ལྡོག་ཕྱོགས་གཉིས་ སྤུ་ན་གཙང་ཆུ་དང་པའི་ གྲུབ་འབྲས་ལུ་བལྟ་སྟེ་ ཚ་གྱང་ལང་ཡོདཔ།

༉ གཞུང་སྐྱོང་དང་ ལྡོག་ཕྱོགས་བར་ནའི་ ཁྱད་པར་ཡོདཔ་ཨིན་རུང་ ཚོགས་པ་གཉིས་ལུ་ སྤུ་ན་གཙང་ཆུ་དང་པ་ ལག་ལེན་འགོ་བཙུགས་ནིའི་དོན་ལུ་ ཚ་གྱང་འདྲན་འདྲ་ འབག་དོ་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ་གིས་ འདས་པའི་བདུན་ཕྲག་ནང་ གནས་ཚུལ་ཞལ་འཛོམས་ནང་ སྤུ་ན་གཙང་ཆུ་དང་པའི་ ཟད་འགྲོ་དེ་ གསུམ་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ལས ལས་འགུལ་འཕྲོ་མཐུད་དེ་ འབད་མི་འབད་ གཞུང་འབྲེལ་ཐོག་ གྲོས་ཐག་བཅད་དགོཔ་འདུག་ཟེར་བཤད་ཅི།
ཨིན་རུང་ བློན་པོ་གིས་འབད་བ་ཅིན་ ལཱ་འཕྲོ་མཐུད་དེ་ མ་འབད་བ་ཅིན་ ཏི་རུ་དང་འབྲེལ་བའི་ འབྱེམ་སྦོམ་ཕོག་འོང་ཟེར་ཨིནམ་ད་ ལས་འགུལ་ནང་ ད་ལྟོ་ལས་ ཟད་འགྲོ་འབོར་ཆེ་ཏོག་ཏོ་ བཏང་ཚར་ཡོདཔ་བཞིན་དུ་ ལཱ་དེ་ཡང་ བརྒྱ་ཆ་༦༠ དང་༨༠ གི་བར་ན་ མཇུག་བསྡུ་ནུག་ཟེར་ཨིན་པས།
ང་བཅས་ཀྱིས་ མ་འབད་བར་བཞག་རུང་ ཟད་འགྲོ་མང་ཧད་རྫོགསཔ་ཅིག་ བཏང་མི་དེ་ ཆུད་ཟད་འགྱོ་ནི་ཨིནམ་ལས་ ཟད་འགྲོ་དུམ་གྲ་ཅིག་ ཐེབས་བཏང་ཐོག་ལས་ ལས་འགུལ་དེ་ ནམ་མཇུག་བསྡུ་ཚུགས་ནི་ཨིན་ནའི་ དུས་ཚོད་གཏན་འཁེལ་ཅིག་ བལྟ་དགོཔ་འདུག་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པས།
དེ་གི་ཧེ་མར་ གནས་ཚུལ་ཞལ་འཛོམས་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས་ཡང་ གནད་དོན་དེ་ལུ་ ཚ་གྱང་ཡོད་ལུགས་བཤད་པའི་ཁར་ ཁོ་གིས་ ལས་འགུལ་དེ་གི་དོན་ལུ་ ཡུ་རོཔ་གི་མཁས་མཆོག་ཚུ་དང་ཡང་ གྲོས་སྟོན་འབད་ཡི་ཟེར་ བཤད་ཅི།
ལས་འགུལ་ས་ཁོངས་ཀྱི་ སའི་གནས་སྟངས་སྐོར་ལས་ མཁས་མཆོག་ཚུ་གིས་ཡང་ གཏན་འཁེལ་ཅིག་ སླབ་ནི་མེད་པ་ཅིན་ ལས་འགུལ་དེ་ལུ་ ཕན་ཐོགས་མེད་པའི་ ཟད་འགྲོ་ཐེར་འབུམ་ལས་བཅད་དེ་ ཐེབས་བཏང་ཡོདཔ་ལས་ ད་ལྟོའི་གནས་ཚད་ནང་ མཚམས་འཇོག་འབད་བ་ཅིན་ དྲག་ནི་བཟུམ་འདུག་ཟེར་ བཤད་ཡོདཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ཁ་ཐུག་ལས་ ལས་འགུལ་དེ་ལུ་ མཁས་མཆོག་ཚུ་དང་གཅིག་ཁར་ ཞིབ་འཚོལ་མཐིལ་ཕྱིན་འབད་དགོ་པའི་ གྲོས་འདེབས་ཕུལ་མི་ལུ་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ གནད་དོན་དེ་གི་སྐོར་ལས་ ལས་འགུལ་གྱི་ འཆར་གཞི་བརྩམས་མི་ལས་འགོ་བཙུགས་ ག་ལུ་ཡང་ སྐྱོན་བརྗོད་འབད་དགོཔ་མེད་ཟེར་ བཤད་ཡོདཔ་ཨིན་པས།
ད་ལྟོའི་བཟུམ་མའི་ ས་དང་འབྲེལ་བའི་ དཀའ་ངལ་ཚུ་ འཐོན་ནི་ཨིན་པ་ཅིན་ ལས་འགུལ་དེ་ ད་ལྟོ་ལས་ ལཱ་འབད་འཕྲོ་བཞག་པ་ཅིན་ དྲག་དོ་འོང་ཟེར་ བཤད་ཡོདཔ་ད་ ད་ལྟོ་ལས་ ལས་འགུལ་དེ་ལུ་ ཟད་འགྲོ་སྦོམ་བཏང་ཡོདཔ་མ་ཚད་ བུ་ལོན་ཡང་ རྒྱ་ཆེ་དྲགས་སྦེ་ ཡར་སེང་སོང་ཡོདཔ་ལས་ ད་རུང་ གདོང་ལེན་ཚུ་ འབྱུང་པ་ཅིན་ རྒྱལ་ཁབ་དང་ མི་སེར་ལུ་ ཟད་འགྲོ་གནས་ནི་ཅིག་ལས་མི་འོང་ཟེར་ཨིན་པས།
ལས་འགུལ་དེ་ སྤྱི་ལོ་༢༠༠༨ སྤྱི་ཟླ་༡༡ པའི་ནང་ལས་ འགོ་བཙུགས་མི་དེ་ སྤྱི་ལོ་༢༠༡༦ ལུ་ མཇུག་བསྡུ་ནིའི་ འཆར་གཞི་ཨིན་རུང་ ས་ཁོངས་དག་པ་ཅིག་ནང་ ས་ཆད་འོང་མི་དང་ གཙང་ཆུའི་གཡས་ཕྱོགས་ལུ་ ས་ཆ་བརྟན་ཏོག་ཏོ་བཟོ་ནིའི་ ཐབས་ལམ་ཚུ་ བཏོན་དགོཔ་ཐོན་མི་ལུ་བརྟེན་ སྤྱི་ལོ་༢༠༢༤ ཚུན་ ཕར་འགྱངས་འབད་ཡོདཔ་ཨིན་པས།
ལས་འགུལ་གྱི་ ཟད་འགྲོ་དེ་ དངུལ་ཀྲམ་ཐེར་འབུམ་༣༥ ལས་ ཐེར་འབུམ་༩༣.༧ ལུ་ ཡར་སེང་སོང་ཡོདཔ་ད་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ གཞུང་གིས་གནས་ཡུན་ མ་རྫོགསཔ་ལས་ ལས་འགུལ་དེ་ མཇུག་བསྡུ་ནིའི་ རེ་བ་ཡོད་ཟེར་བ ཤད་ཡོདཔ་ཨིན་པས།
གཞུང་གིས་ ལས་འགུལ་དེ་ སྤྱི་ལོ་༢༠༢༡ ལུ་ མཇུག་བསྡུ་ཚུགསཔ་འབད་ནིའི་ ཚོད་དཔག་འབད་ཡོདཔ་ད་ བློན་ཆེན་གྱིས་འབད་བ་ཅིན་ གནད་དོན་དེ་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ལས་ སྤྱི་ལོ་༢༠༢༢ ལུ་ མཇུག་བསྡུ་ཚུགས་ཟེར་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *