གཞུང་གྲྭ་ཚང་གིས་ ནད་ཡམས་བཟློག་ཐབས་ལུ་ སྐུ་རིམ་ཚུ་གནང་ཡོདཔ།

༉ གནམ་ལོ་ལྕགས་ཕོ་བྱི་ལོའམ་ སྤྱི་ལོ་༢༠༢༠ ལུ་ ནད་ཡམས་ཀོ་བིཌ་-༡༩ ཞི་ཐབས་དང་ བཟློག་ཐབས་དོན་ལུ་ གཞུང་གྲྭ་ཚང་གིས་གཙོས་པའི་ རབ་སྡེ་དང་ དགོན་སྡེ་ སྒོམ་སྡེ་ དེ་ལས་ ཆོས་སྡེ་ཁག་གིས་ སྐུ་རིམ་དང་ རིམ་གྲོ་ཚུ་ འགོ་འདྲེན་འཐབ་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༢༠ ཟླ་༣ པའི་ནང་ ནད་ཡམས་ཞི་ཐབས་དོན་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱང་མཐོང་ཊི་བི་ནང་ དངོས་མཐོང་སྦེ་ སངས་རྒྱས་སྨན་བླའི་དབང་གནངམ་དང་འབྲེལ་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོ་པའི་ བཀའ་བསྐུལ་གནང་ཡི།

འབྲུག་རྒྱང་བསྒྲགས་ནང་ དངོས་མཐོང་སྦེ་ སངས་རྒྱས་སྨན་བླའི་ དབང་ལུང་ཁྲིད་གནང་དགོ་མི་དེ་ཡང་ གསོ་བའི་སྒྲིག་གཞི་དང་འཁྲིལ་ མི་འཛོམས་འདུ་རུག་རུ་ཚུ་ འབད་ནི་མེདཔ་མ་ཚད་ མི་ཚུ་གི་བར་ན་ ས་སྟོང་བཞག་ནི་ དེ་ལས་ ཁ་རས་ལག་ལེན་འཐབ་དགོ་མི་ལུ་བརྟེན་ ཨ་རྟག་བཟུམ་སྦེ་ རྫོང་གཞིས་དང་ ལྷ་ཁང་ རྩེད་ཐང་ཚུ་ནང་ འགོ་འདྲེན་འཐབ་མ་ཚུགས།

དེ་འབདཝ་ལས་ རྫོང་ཁག་༢༠ གི་རབ་སྡེ་དང་ ཆོས་སྡེ་ཁག་ཚུ་ནང་ ཆོས་ཕྱོགས་ལས་རིམ་ཚུ་ ག་ཅི་འགོ་འདྲེན་འཐབ་རུང་ ཕྱི་ཁ་ལས་ མགྱོནམ་དང་ མི་ཚུ་མེད་པར་ ས་ཁོངས་ཀྱི་ དགེ་སློང་དང་ སྒོམ་ཆེན་ ཨ་ནེ་ བླ་སྤྲུལ་ དེ་ལས་ དད་ཅན་མི་ཚུ་གིས་ འགོ་འདྲེན་འཐབ་དགོཔ་བྱུང་ཡི།

ཐིམ་ཕུ་རྟ་མགོ་མཐོ་རིམ་བཤད་གྲྭ་དང་ མདོ་སྡེ་བྲག་ སྤང་རི་ཟམ་པ་ རྩིས་གཞུང་བཤད་གྲྭ་ སེམས་རྟོགས་ཁ་ ཕ་ཇོ་ལྡིངས་བཤད་གྲྭ་ཚུ་ནང་ སངས་རྒྱས་སྨན་བླའི་སྒྲུབ་མཆོད་གནང་ཡོདཔ་ད་ ལྕགས་རི་སྒྲུབ་སྡེ་དང་ རྟ་མགོ་འོད་གསལ་དགའ་ཚལ་སྒྲུབ་སྡེ་ ལྷུང་འཚོ་བཀྲིས་བསྒང་སྒྲུབ་སྡེ་ དེ་ལས་ སྤྱི་གཞི་དགོན་པ་སྒྲུབ་སྡེ་༨ ནང་ དཔལ་ལྡན་ལྷ་མོའི་བསྙེན་སྒྲུབ་དང་ སྒྲོལ་མ་དུག་སེལ་མའི་བསྙེན་སྒྲུབ་ཚུ་གནང་ཡི།

ཐིམ་ཕུག་བཀྲིས་ཆོས་རྫོང་གི་འདུ་ཁང་ནང་ དཔལ་ལྡན་ལྷ་མོའི་སྒོ་ལས་ རིམས་ནད་བཟློག་པའི་ཆོ་ག་འབའ་ཆོག་དང་ མ་མོ་འཁྲུག་སྐོང་དང་ བདེ་ཆེན་ཕོ་བྲང་སློབ་གྲྭ་ནང་ སངས་རྒྱས་སྨན་བླའི་གཟུངས་སྔགས་དང་ རི་ཁྲོད་ལོ་མ་གྱོན་མའི་གཟུངས་སྔགས་ཚུ་ བསགས་ཡོདཔ་བཞིན་དུ་ བདེ་ཆེན་ཕུག་ལུ་ དགེ་བསྙེན་བརྒྱ་ཚར་བཏང་ཡི།

སྤུ་ན་ཁ་རྫོང་ཁག་གི་ བཤད་གྲྭ་ཁག་ཚུ་ནང་ སངས་རྒྱས་སྨན་བླའི་གཟུངས་སྔགས་དང་ རི་ཁྲོད་ལོ་མ་གྱོན་མའི་ གཟུངས་སྔགས་འབུམ་བསགས་ཡོདཔ་ད་ སྒྲུབ་སྡེ་ནང་ སྒྲོལ་མ་དུག་སེལ་མའི་བསྙེན་སྒྲུབ་ དེ་ལས་ སློབ་གྲྭ་ཁག་ཚུ་ནང་ སྨན་བླའི་མཚན་སྔགས་དང་ འདུ་ཁང་ནང་ ལྷ་མོའི་འབག་ཆོག་དང་ གཟུངས་སྔགས་བསགས་གནང་ཡི།།

རྟ་མགོ་རྡོར་གདན་བཀྲིས་ཐང་ གཙུག་ལག་སློབ་གྲྭའི་ཀུན་ར་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་འདུནམ་༤༠༠ དེ་ཅིག་གིས་ སངས་རྒྱས་སྨན་བླའི་སྒྲུབ་ཆེན་གནང་པའི་སྐབས་ སངས་རྒྱས་སྨན་བླའི་གཟུངས་སྔགས་ཚུ་ བསགས་གནང་ཡི།

དེ་བཟུམ་སྦེ་ གཞུང་གྲྭ་ཚང་ལས་ ལས་ཚོགས་སློབ་དཔོན་གྱི་འགོ་འདྲེན་ཐོག་ལས་ སྔགས་ཆུ་དང་ འཆི་མེད་ལྷའི་བདུད་རྩི་ རིལ་བུ་ཚུ་ རྫོང་ཁག་༢༠ གྱི་བླམ་གནས་བརྟན་དང་ གསོ་བའི་ལྷན་ཁག་ལུ་ བྱིན་ཡོདཔ་བཞིན་དུ་ ཟླ་ངོ་༡ གི་ནང་འཁོད་ རྫོང་ཁག་༢༠ གི་ མི་སེར་ཚུ་ ཁྱབ་ཚུགསཔ་སྦེ་ ས་གནས་གཞུང་གི་འགོ་ཁྲིདཔ་དང་ བླམ་གནས་བརྟན་ཚུ་གིས་ བགོ་བཀྲམ་འབད་ཡི།

ལས་ཚོགས་སློབ་དཔོན་དང་འཁྲིལཝ་ད་ མི་རེ་གིས་ རིལ་བུ་༢ ཐོབ་མི་ལས་ གཅིག་བཟའ་ནི་དང་ གཅིག་ཨོལ་ལྐོག་གུ་བཏགས་དགོཔ་ཨིན་ཟེར་ཨིནམ་ད་ དེ་གིས་ ནད་རིགས་སོགས་འཐོབ་ནི་ལས་ བཀག་ཚུགསཔ་ཨིན་ཟེར་བཤད་ཅི།

སྤུངས་ཐང་བདེ་ཆེན་ཕོ་བྲང་དང་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ཡོད་པའི་ བྱིན་རྟེན་རིལ་བུ་རྩ་ཅན་རྡོག་གྲངས་བརྒྱ་ལས་མ་ཉུང་བ་དང་ ཞིང་གཤེགས་རྗེ་བཙུན་བསྟན་འཛིན་དོན་གྲུབ་ རྗེ་མཁན་དགེ་འདུན་རིན་ཆེན་རྣམ་གཉིས་ཀྱི་ཕྱག་ནས་བརྒྱུད་པའི་ རིང་བསྲེལ་ཕྱོགས་བསྡུས་རིལ་བུ་དང་ ཚེ་རིལ་ལ་སོགས་པ་དམ་རྫས་རིལ་བུ་རྩ་ཅན་ དེ་ལས་ རྗེ་མཁན་རིན་པོ་ཆེ་ཞབས་ནས་ གནང་བའི་རིལ་བུའི་ཕབ་གཏའ་རྩ་ཅན་མང་རབས་དང་ རྫོང་ཁག་༢༠ གི་གྲྭ་ཚང་དགོན་སྡེ་ཚུ་ནང་ཡོད་པའི་ དམ་རྫས་ཕབ་གཏའ་སེལ་ཚུ་ བསྡུ་བསྒྱོམ་འབད་ཡི་ཟེར་ཨིན་པས།

ད་རུང་ ནད་ཡམས་ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་ཐེངས་༢ པ་འབད་བའི་སྐབས་ རང་ཟླ་༡༡ པའི་ཚེས་༩ ལུ་ སྐྱབས་རྗེ་མཆོག་གིས་ དམིགས་བསལ་དུ་ ནད་ཡམས་བཟློག་ཐབས་ཀྱི་ སྐུ་རིམ་གནང་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ གྲྭ་ཚང་དང་ རབ་སྡེ་ ཆོས་སྡེ་ཁག་ཚུ་ནང་ སྐུ་རིམ་ཚུ་ འགོ་འདྲེན་འཐབ་ཅི།

གཞུང་གྲྭ་ཚང་གིས་ རྡོར་སེམས་དང་ རྣམ་འཇོམས་ ཁྲུས་ཀྱི་ལྷ་གང་རུང་སྒོ་ནས་ བུམ་སྒྲུབ་ཀྱི་གཟུངས་སྔགས་ ཁྲི་ལས་མ་ཉུང་བར་བཟླས་ཏེ་ རི་ཀླུང་ཁྲུས་གསོལ་གང་མང་ གནང་ཡི།

དེ་བཟུམ་སྦེ་ གསུང་ཆོགཔ་ཞལ་གྲངས་ཉུང་སུའི་སྒོ་ལས་ ནང་གི་སྔགས་དང་ དམིགས་པ་ཆེར་བསྐྱེད་དེ་ ཞི་བའི་སྦྱིན་སྲེག་ཉིནམ་༣ ལས་༧ ཚུན་ ལྕོགས་གྲུབ་དང་བསྟུན་ཏེ་ གནང་པའི་ཁར་ མི་མང་ཡོངས་ལས་ སྨན་བླ་དང་ མ་ཎི་ བཛྲ་གུ་རུ་ཚུ་ མ་ཡེངས་པར་བགྱང་དགོ་པའི་ དྲན་བསྐུལ་གནང་ཡི།

དེ་འབདཝ་ལས་ རང་ཟླ་༡༡ པའི་ཚེས་༡༡ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་འདུན་ཞལ་གྲངས་༡༥ གིས་ སྤུངས་ཐང་དོམ་ལ་དགོན་པ་ རྒན་བཞུགས་སྐྱིད་པའི་གླིང་གི་ས་ཁོངས་ནང་ ནད་ཡམས་ཉེན་འཚུབ་འཕྲལ་མྱུར་ཞི་ཐབས་ལུ་ དཔལ་འཁོར་ལོ་སྡོམ་པའི་ ཞི་བའི་སྦྱིན་སྲེག་ ཉིན་གྲངས་༣ གྱི་རིང་གནང་ཡི།

སྤུངས་ཐང་བདེ་བ་ཆེན་པོའི་ འདུ་ཁང་ཆེན་མོའི་ནང་ ནད་ཡམས་འཕྲལ་མྱུར་ཞི་ཐབས་སུ་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༡༠༠ ལྷགཔ་ཅིག་གིས་ དཔལ་ལྡན་ལྷ་མོའི་ འབག་ཆོག་དང་ གཏོར་ཅུང་བརྒྱ་ཚར་ དགེ་འདུན་ཀུན་དགའ་ར་བའི་ནང་ ལས་ཚོགས་སློབ་དཔོན་གྱིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༡༠༠ གིས་ སངས་རྒྱས་སྨན་བླའི་ སྐུ་རིམ་སྒྲུབ་གནང་ཡི།

ལྷུན་རྩེ་ཨའུ་མཚོ་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ སངས་རྒྱས་སྨན་བླའི་ སྒྲུབ་ཆེན་གནང་ཡི།

ཆོས་སྡེ་ཁག་གི་བླམ་དང་ རིན་པོ་ཆེ་ སྤྲུལ་སྐུ་ སྒོམ་ཆེན་དང་ མཚམས་པ་ཚུ་གིས་ བཛྲ་གུ་རུ་དང་ ཚེ་སྒྲུབ་ ཕུར་པའི་སྒྲུབ་ཆེན་ བཀའ་འགྱུར་དག་ཚར་ རི་བོ་བསངས་མཆོད་ལ་སོགས་པ་ཚུ་ཡང་ འགོ་འདྲེན་འཐབ་གནང་ཡི།

དེ་འབདཝ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་༡༡༣ པ་བརྩི་སྲུང་ཞུ་བའི་སྐབས་ རྫོང་ཁག་༢༠ གི་ མི་སེར་ཚུ་གིས་ ཉེར་མཁོའི་ཅ་ཆས་མཁོ་སྒྲུབ་འབད་དེ་ ཚོང་འབག་སྐྱེལ་བའི་སྐབས་ ནད་ཡམས་འབག་འོང་པ་ཅིན་ ད་རུང་ བསྐྱལ་ས་བསྐྱལ་ནི་མས་ཟེར་ ཚ་གྱང་ལང་ཡོདཔ་ད་ རྒྱལ་ཁབ་ནང་ ཉེན་ཁ་ག་དེམ་ཅིག་འཐོན་རུང་ སྟབས་མ་བདེཝ་དུམ་གྲ་རེ་མ་གཏོགས་ སྤྱིར་བཏང་མི་སེར་ག་ར་ བག་ཆགས་ཏོག་ཏོ་སྦེ་ སྡོད་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *