གཞུང་གིས་ སློབ་གྲྭ་ལྟེ་བ་ཐེབས་༣༠ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ།

༉ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་ལྟེ་བའི་ མཐུན་རྐྱེན་ཚུ་ ག་ར་གིས་ འདྲ་མཉམ་སྦེ་ འཐོབ་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ རྫོང་ཁག་ཚུ་དང་ གྲོས་བསྟུན་ཐོག་ལས་ ད་རུང་ སློབ་གྲྭ་ལྟེ་བ་༣༠ གཞི་བཙུགས་ཀྱི་གྲོས་འཆར་བཙུགས་ནི་ཨིན་པས།
དེ་ཡང་ ཤེས་རིག་བློན་པོ་ ཇའི་བིར་རའི་གིས་ བཤད་མིའི་ནང་ ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༡ པའི་ནང་ སློབ་གྲྭ་ལྟེ་བ་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ སློབ་གྲྭ་ལྟེ་བ་དང་ ལྟེ་བ་མེན་པའི་ སློབ་གྲྭ་ཚུ་ནང་ མཐུན་རྐྱེན་འདྲ་མཉམ་སྦེ་ བགོ་བཀྲམ་མ་འབད་བའི་ཁར་ མཐུན་རྐྱེན་ཐོབ་མི་དང་ མ་ཐོབ་པའི་ སློབ་གྲྭ་ཚུ་གི་བར་ན་ཡང་ ཁྱད་པར་སྦོམ་སྦེ་ར་ཆགས་ཡོདཔ་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་ དཔེ་བཟུམ་ཅིག་སྦེ་ བཤད་མིའི་ནང་ གཞུང་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་༡༦༧,༡༠༨ ཡོད་མི་ལས་ སྤྱི་ལོ་༢༠༡༨ ཟླ་༩ པའི་ནང་འཁོད་ལུ་ སློབ་གྲྭ་ལྟེ་བ་༦༣ ནང་ སློབ་ཕྲུག་༥༠,༣༠༩ རྐྱངམ་གཅིག་གིས་ རིན་མེད་སྟོང་པའི་ མཐུན་རྐྱེན་ཚུ་ ཐོབ་སྟེ་འདུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སློབ་ཕྲུག་ལྷག་ལུས་༡༡༦,༧༩༩ དེ་ཅིག་གིས་ སློབ་གྲྭ་ལྟེ་བའི་མཐུན་རྐྱེན་ ཅ་ཆས་དང་ ཉིན་ལྟོ་གིས་མ་དོ་བར་ སློབ་གྲྭའི་སྒྲིག་གོ་དང་ དཀྱི༌ར༌ ལྷམ་ གདན་མལ་ཆ་ ཨོམ་སོ་ རྩེད་རིགས་ཀྱི་གྱོན་ཆས་ གདན་ཁེབས་ ཧང་ཤུབས་ ཨར་ཅོ་ལྟོ་རས་ཚུ་ མ་ཐོབ་པས་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ ཚད་གཞི་བཟོ་སྟེ་ ད་རུང་ སློབ་གྲྭ་ལྟེ་བ་ཁ་སྐོང་༣༠ དེ་ཅིག་ རྐྱབ་འོང་ཟེར་ཨིནམ་ད་ སློབ་གྲྭའི་ཚད་གཞི་ནང་ སློབ་གྲྭ་ལྟེ་བའི་ས་ཁོངས་དང་ ད་ལྟོའི་ མཐུན་རྐྱེན་ཐོབ་ཚུགསཔ་བཟོ་ནི་ མ་འོངས་པ་ལུ་ སློབ་གྲྭ་རྒྱ་སྐྱེད་འབད་ནི་ལུ་ ས་གོ་ལངམ་སྦེ་ བཟོ་འོང་ཟེར་ཨིན་པས།
སློབ་གྲྭ་ལྟེ་བ་བསྐྱར་ཞིབ་འབདཝ་ད་ རྫོང་ཁག་ལ་ལོ་ཅིག་ནང་ སློབ་ཕྲུག་༤,༠༠༠ ལས་བརྒལ་མེད་རུང་ སློབ་གྲྭ་ལྟེ་བ་༣ གཞི་བཙུགས་འབད་ཡོད་པའི་ཁར་ རྫོང་ཁག་གཞན་ཅིག་ནང་ སློབ་ཕྲུག་༡༤,༠༠༠ དེ་ཅིག་ཡོད་རུང་ སློབ་གྲྭ་ལྟེ་བ་༢ ལས་བརྒལ་མེདཔ་སྦེ་ ཤེས་རྟོགས་བྱུང་ནུག།
སློབ་གྲྭ་བསྐྱར་ཞིབ་དེ་ཡང་ སྤྱི་ལོ་༢༠༡༨ ཟླ་༡༢ པའི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ལྷན་གཞུང་ཚོགས་ཀྱི་བར་ན་ མཉམ་འབྲེལ་ཐོག་ལས་ ཞལ་འཛོམས་འཚོགས་མི་ལུ་ གཞི་བཞག་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ཤེས་རིག་ལྷན་ཁག་ལུ་ སློབ་གྲྭ་ལྟེ་བའི་ ལས་རིམ་དང་ མི་སྡེ་སློབ་གྲྭ་ཆུང་བ་ཚུ་ ལོག་སྒོ་ཕྱེ་ནི་ཚུ་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་བྱིན་ཡི་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།
སློབ་གྲྭ་ལྟེ་བའི་ མཐུན་རྐྱེན་ཚུ་ སློབ་ཕྲུག་ཚུ་གིས་ ལོག་སྤྱོད་འབད་ཡོད་པའི་ཁར་ མཐུན་རྐྱེན་ལ་ལོ་ཅིག་ ལག་ལེན་མ་འཐབ་པར་ཡོདཔ་ད་ ཕམ་ཚུ་གིས་འབད་རུང་ ལམ་སྟོན་གྱི་དཀའ་ངལ་ མི་སྡེའི་ནང་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ བར་ཆད་དང་ དགོས་མཁོ་ཅན་གྱི་ སློབ་ཕྲུག་ཚུ་ ངོས་འཛིན་འབད་བའི་སྐོར་ལས་ཡང་ མངོན་གསལ་བྱུང་ནུག།
བློན་པོ་གིས་འབད་བ་ཅིན་ ལྷན་ཁག་གིས་ འཕྲལ་འཕྲལ་ར་ རིན་མེད་སྟོང་པའི་ མཐུན་རྐྱེན་ཚུ་ ལོག་སྤྱོད་དང་ འཕྲོ་བརླག་སོང་བའི་སྐོར་ལས་ ལྷན་ཁག་ནང་ བསམ་ལན་ཚུ་ ལྷོད་དེ་ཡོདཔ་མ་ཚད་ ཕམ་ཚུ་གིས་ ཨ་ལོ་ལུ་ ཟད་འགྲོ་བཏང་ཚུགས་རུང་ མཐུན་རྐྱེན་ཚུ་ ཐོབ་སྟེ་འདུག་ཟེར་ཨིན་པས།
དེ་མ་ཚད་ ཐག་རིང་ས་སྡོད་མི་ སློབ་ཕྲུག་ཚུ་ སློབ་གྲྭ་ལྟེ་བའི་ནང་ ནང་སྡོད་སྦེ་ བཙུགས་དགོཔ་ཡོདཔ་ད་ ཨ་ལོ་ཚུ་ རང་སོའི་ཕམ་ཚུ་ལས་ སོ་སོར་སྡོད་ཡོད་པའི་ ཚ་གྱང་ཡོད་ལུགས་ཚུ་ཡང་ བསྐྱར་ཞིབ་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ མི་སྡེ་གིས་ རིན་མེད་སྟོང་པའི་ མཐུན་རྐྱེན་ཚུ་ ཁག་འབགཔ་ལུ་ སྤྲོད་མི་ལུ་བརྟེན་ མི་སྡེ་དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ བར་ཆད་རྐྱབ་ཡོད་པའི་སྐོར་ལས་ སླབ་སྟེ་འདུག་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ ཤེས་རིག་ལྷན་ཁག་དང་ རྫོང་ཁག་མཉམ་འབྲེལ་ཐོག་ལས་ ཚད་གཞི་བཟོ་ཡོད་པའི་ཁར་ སློབ་གྲྭ་ལྟེ་བའི་ མཐུན་རྐྱེན་ཚུ་ དགོས་མཁོ་ཅན་གྱི་ སློབ་ཕྲུག་ཚུ་ཡང་ ངོས་འཛིན་འབད་ནི་ཨིན་པས།
བསྐྱར་ཞིབ་ཀྱི་ སྙན་ཞུ་དང་འཁྲིལ་ཏེ་ ལྷན་ཁག་གིས་ ནང་སྡོད་མཐུན་རྐྱེན་ཡོད་པའི་ སློབ་ཕྲུག་ཚུ་ལུ་ སློབ་གྲྭ་ལྟེ་བའི་ མཐུན་རྐྱེན་ཚུ་ བྱིན་ནི་དང་ བསྐྱར་ཞིབ་འབད་ནི་ དེ་ལས་ སློབ་གྲྭ་ལྟེ་བ་མེད་པའི་ སློབ་གྲྭ་ཚུ་ལུ་ མཐུན་རྐྱེན་བྱིན་འོང་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།
སློབ་གྲྭ་ལྟེ་བའི་ནང་ བགོ་བཀྲམ་འབད་མི་ མཐུན་རྐྱེན་ཚུ་ཡང་ སྤུས་ཚད་དང་ལྡནམ་སྦེ་ མེད་པའི་ཁར་ གཟུགས་ཁམས་འཕྲོད་བསྟེན་དང་ ཉལ་ཁྱིམ་ བཞེས་སྒོ་ འཐུང་ཆུ་ གཙང་སྦྲ་ལ་སོགས་པ་ཚུ་ ལེགས་ཤོམ་མེད་པའི་སྐོར་ལས་ཡང་ མངོན་གསལ་བྱུང་ནུག།
ཤེས་རིག་ལྷན་ཁག་གིས་ ནང་སྡོད་སློབ་གྲྭ་ཆུང་བ་༥༥ ངོས་འཛིན་འབད་དེ་ཡོད་མི་ལུ་ ཁ་སྐོང་མཐུན་རྐྱེན་ཚུ་ རྐྱབ་དགོཔ་ཡོདཔ་བཞིན་དུ་ སློབ་གྲྭ་ཆུང་བ་༡༢ སློབ་གྲྭ་ལྟེ་བ་ལས་ ཐ་དད་བཟོ་ནི་གི་ གྲོས་འཆར་བཙུགས་མིའི་ནང་ སློབ་གྲྭ་ལྟེ་བའི་ མཐུན་རྐྱེ་ཚུ་ བྱིན་ནི་ཨིན་པས།
ཚད་གཞི་དང་འཁྲིལ་ཏེ་ གདན་ཆ་ཚང་ཚུ་ ནང་སྡོད་སློབ་གྲྭ་ཚུ་ནང་ ལོ་༥ གི་བར་ན་ཚར་རེ་ བགོ་བཀྲམ་འབད་ནི་དང་ ནང་སྡོད་སློབ་གྲྭ་ཆུང་བ་ག་རའི་ནང་ ངོས་འཛིན་འབད་ཡོད་པའི་ སློབ་ཕྲུག་ཚུ་ལུ་ སློབ་གྲྭའི་སྒྲིག་གོ་ཚུ་ བགོ་བཀྲམ་ཐོག་ སློབ་ཕྲུག་གཅེས་སྐྱོང་པ་དང་ གོ་ལ་འཁྱུ་མི་ཚུ་ བཙུགས་ནི་ཨིན་པས།
ཨིན་རུང་ ཅ་ཆས་ཚུ་ ཁྲོམ་སྡེ་ནང་ཡོད་མི་ འབྲིང་རིམ་སློབ་གྲྭ་མ་གཏོགས་ སློབ་གྲྭ་ག་ར་ལུ་ བྱིན་ནི་ཨིནམ་ད་ ལྷན་ཁག་གིས་ ཁ་སྐོང་སློབ་གྲྭ་ལྟེ་བ་རྐྱབ་ནིའི་དོན་ལས་ མ་དངུལ་འཚོལ་ཞིབ་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *