གཞུང་གིས་ ས་གཏེར་དང་ གཏེར་ཁའི་ཆོག་ཐམ་གསརཔ་ མི་སྤྲོད་ནི།

༉ ས་གཏེར་དང་ གཏེར་ཁའི་བཅའ་ཁྲིམས་ ཆ་འཇོག་མ་གྲུབ་ཚུན་ཚོད་ གཞུང་གིས་ ས་གཏེར་དང་ གཏེར་ཁའི་ཆོག་ཐམ་གསརཔ་ མི་སྤྲོད་ཟེར་ འདས་པའི་རེས་གཟའ་སྤེན་པ་ལུ་ བློན་ཆེན་ཌོག་ཊར་ བློན་གྲོས་ཚེ་རིང་གིས་ གསུངས་ཡི།

སྤྱི་ཟླ་༩ པའི་ཚེས་༡༠ ལུ་ བསྟན་རྒྱས་ལྷན་ཁག་ ས་གཏེར་དང་ གཏེར་ཁ་ལས་ཁུངས་ཀྱིས་ ས་གཏེར་དང་ གཏེར་ཁ་ཕྱིར་བཏོན་འབད་ནི་གི་ དང་འདོད་ཡོད་མི་ཚུ་གིས་ ས་གཏེར་དང་ གཏེར་ཁ་གླར་སྤྱོད་ཀྱི་ ཞུ་ཡིག་བཙུགས་དགོ་པའི་ ཁྱབ་བསྒྲགས་འབད་ནུག།

གཞུང་གིས་ ས་གཏེར་དང་ གཏེར་ཁའི་ཆོག་ཐམ་བྱིན་ནི་ གནས་སྐབས་ཅིག་ མཚམས་འཇོག་འབད་མི་དེ་ ལོག་སྟེ་ར་ རང་འཇགས་བཟོ་བའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱི་ཟླ་༩ པའི་ཚེས་༡༢ ལུ་ བློན་ཆེན་ལུ་ ཁྱབ་བསྒྲགས་ཆ་མེད་གཏང་དགོ་པའི་ ཡི་གུ་ཕུལ་ཡོདཔ་ད་ ས་གཏེར་དང་ གཏེར་ཁ་ཕྱིར་བཏོན་གྱི་ ཆོག་ཐམ་བྱིན་ནི་ཚུ་ སྤྱི་ལོ་༢༠༡༡ ཟླ་༢ པའི་ཚེས་༡༧ ལུ་ བཀག་ཆ་འབད་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་གིས་ བཀོད་མིའི་ནང་ ས་གཏེར་དང་ གཏེར་ཁ་འཛིན་སྐྱོང་གི་བཅའ་ཁྲིམས་༡༩༩༥ ཅན་མ་ འཕྲི་སྣོན་མ་འབད་ཚུན་ བཀག་ཆ་འབད་དེ་ བཞག་དགོ་ཟེར་ཨིན་པས།

བློན་ཆེན་གྱིས་ དོགས་སེལ་གནང་མིའི་ནང་ བཅའ་ཁྲིམས་གསརཔ་ བསྟར་སྤྱོད་མ་འབད་ཚུན་ གཞུང་གིས་ ཡི་གུ་རྐྱངམ་གཅིག་ ལེན་ནི་ཨིནམ་ལས་ བཅའ་ཁྲིམས་ཆ་འཇོག་མ་གྲུབ་པའི་ ནམ་དུས་ལུ་ ཉོགས་མེད་ལག་ཁྱེར་ཚུ་ ལེན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་གིས་ དེ་བཟུམ་མའི་ ཚ་གྱང་ཡོད་ལུགས་ བཤད་མི་ལུ་ ངལ་རངས་ཡོད་པའི་ཁར་ དགག་བཤེར་དང་ ཚད་མཉམ་ཡོད་པའི་ འགན་ཁུར་ཅིག་ཨིན་མས་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ གཞུང་གིས་ ཡི་གུ་ལེན་ནི་ལུ་ གནས་སྐབས་ཅིག་ བཀག་ཆ་འབད་མི་དེ་ ཕྱིར་བཏོན་འབད་ཡི་ཟེར་གསུངས་ཡི།

གལ་སྲིད་ ཚོགས་སྡེ་གིས་ རྒྱལ་ཁབ་ཀྱི་ བཅའ་ཁྲིམས་ལུ་ མ་གནས་པར་ ཆོག་ཐམ་སྤྲོད་མི་གི་ ཚ་གྱང་ཨིན་པ་ཅིན་ དེ་ལུ་ ངོས་ལེན་ཡོད་པའི་ཁར་ ད་རེས་ ཆོག་ཐམ་སྤྲོད་ནི་ལུ་ ཐག་ག་ནི་ཡང་ མ་བཅད་པར་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ གནད་དོན་དེ་ལུ་ སྟབས་མ་བདེཝ་མེདཔ་ལས་ འཕྲལ་མགྱོགས་ར་ ཚོགས་སྡེ་ལུ་ སྙན་གསན་ཕུལ་འོང་ཟེར་ཨིནམ་ད་ ཚོགས་སྡེ་གིས་འབད་བ་ཅིན་ ས་གཏེར་དང་ གཏེར་ཁ་འཛིན་སྐྱོང་གི་བཅའ་ཁྲིམས་༡༩༩༥ ཅན་མ་ འཕྲི་སྣོན་མ་འབད་ཚུན་ ཆོག་ཐམ་གསརཔ་དང་ བསྐྱར་གསོ་མི་འབད་ཟེར་ བསྟན་རྒྱས་བློན་པོ་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ ཞུ་ཡོདཔ་བཞིན་དུ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གནང་ཡོད་རུང་ ངོས་ལེན་མེད་པར་ གཞུང་གིས་ དེ་བཟུམ་ ཐག་བཅད་ནུག་ཟེར་ཨིན་པས།

བསྟན་རྒྱས་བློན་པོ་གིས་ དམིགས་བསལ་དུ་ ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་ ཆ་འཇོག་མ་འབད་བའི་ཧེ་མར་ ཆོག་ཐམ་སྤྲོད་ནི་དང་ བསྐྱར་གསོ་མི་འབད་ཟེར་ ཞུ་ཡོདཔ་ཨིན་པས།

དྲི་བཀོད་ལས་རིམ་ནང་ གཞུང་གིས་ ས་གཏེར་གྱི་ ཆོག་ཐམ་གསརཔ་མི་སྤྲོད་ནི་དང་ ལག་ལེན་ཐོག་ཡོད་མི་ཚུ་ བསྐྱར་གསོ་མི་འབད་ནི་སྦེ་ ཁས་ལེན་འབད་མི་དང་འཁྲིལ་ དང་ལེན་མ་འབད་མི་དེ་ ཁྲིམས་འགལ་གྱི་ བྱ་སྤྱོད་ཨིནམ་ལས་ ཚ་གྱང་ཅན་ལང་དགོཔ་ཅིག་འདུག་ཟེར་ ཚོགས་སྡེ་གིས་ བཀོད་ནུག།

འདས་པའི་ཟླཝ་༡༠ ནང་ ས་གཏེར་དང་ གཏེར་ཁའི་སྲིད་བྱུས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་མི་ལུ་བརྟེན་ ས་གཏེར་དང་ གཏེར་ཁའི་ཆོག་ཐམ་རྙིངམ་ཚུ་ བསྐྱར་གསོ་འབད་ཡོདཔ་མ་ཚད་ ད་ལྟོ་ ས་གཏེར་བཏོན་ནིའི་དོན་ལུ་ ཡི་གུ་ལེན་ནི་མ་གཏོགས་ ཆོག་ཐམ་བྱིན་ནིའི་དོན་ལས་མེན་ཟེར་ བློན་ཆེན་གྱིས་ དོགས་སེལ་གནང་ཡི།

ཚོགས་སྡེ་གིས་འབད་བ་ཅིན་ ས་གཏེར་ལག་ལེན་གྱི་ ཆོག་ཐམ་གསརཔ་སྤྲོད་ནི་ཚུ་ སྤྱི་ལོ་༢༠༡༤ ལས་༢༠༡༩ ཚུན་ བཀག་ཆ་འབད་མི་དེ་ཡང་ ས་གཏེར་གོང་འཕེལ་སྲིད་བྱུས་ བསྐྱར་གསོ་འབད་ཐབས་ལུ་ཨིནམ་ད་ བཀག་ཆ་ཆ་མེད་གཏང་དགོ་པ་ཅིན་ བཅའ་ཁྲིམས་འཕྲི་སྣོན་འབད་དགོ་ཟེར་བཀོད་ནུག།

རྒྱལ་ཡོངས་ཚོགས་སྡེའི་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་གསརཔ་དེ་ གནམ་དགུན་གྱི་ སྤྱི་ཚོགས་ནང་ གྲོས་བསྡུར་འབད་ནིའི་དོན་ལུ་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ད་ དེ་གི་ཤུལ་ལས་ ཚོགས་སྡེ་གིས་ གནམ་བྱཱར་གྱི་ ཚོགས་བཞུགས་ནང་ གྲོས་བསྡུར་འབད་ནི་ཨིན་པས།

གཞུང་གིས་ དཔྱད་ཡིག་དེ་ འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་ནི་གི་ འཆར་གཞི་བརྩམས་ཡོད་རུང་ འཕྲལ་མཁོ་དཔྱད་ཡིག་གི་ ཁྱད་ཆོས་ཚང་མ་ཚུགས་པའི་ཁར་ འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་པ་ཅིན་ ཚོགས་ཁང་གོང་འོག་༢ ཆ་ར་གིས་ ངོས་ལེན་འབད་ཐོག་ལས་ ཚོགས་བཞུགས་དེ་ནང་ར་ ཆ་འཇོག་འགྲུབ་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *