བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ དོགས་སེལ་ཞུ་བའི་བསྒང་།

གཞུང་གིས་ ཚོང་གི་འགྲན་བསྡུར་འབད་ནི་མེན་པར་ སྒེར་སྡེ་གོང་འཕེལ་གཏང་དགོཔ།

༉ གཞུང་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ སྒེར་སྡེ་གོང་འཕེལ་གཏང་ཐབས་ལུ་ ལཱ་ག་ཅི་ར་ འབད་ཡོདཔ་ཨིན་ན་ཟེར་ ཀྲོང་གསར་ནུབ་སྦིས་-སྟང་སི་སྦྱིས་ཀྱི་འཐུས་མི་ དངོས་གྲུབ་བཟང་པོ་གིས་ བསྟན་རྒྱས་བློན་པོ་ལུ་ ཞུ་ཡི།
གཞུང་གིས་ རྒེད་འོག་ཚུ་ནང་ སོ་ནམ་ཚོང་ཁང་ གཞི་བཙུགས་འབད་ཞིནམ་ལས་ དེ་ནང་ སོ་ནམ་འཕྲུལ་ཆས་རྐྱངམ་གཅིག་ བཀྲམ་སྤེལ་འབད་ནི་མེན་པར་ ཚྭ་དང་ཚོ་ཏོ་ལ་སོགས་པ་ བཙོང་མི་དེ་གིས་ སྒེར་སྡེ་གོང་འཕེལ་བཏངམ་མེན་ཟེར་ ཁོ་གིས་ ཞུ་ཡི།
དེ་བཟུམ་སྦེ་ གཞུང་གིས་ ཞིང་རྨོ་འཕྲུལ་པ་ཝར་ཊེ་ལར་ གླ་ཁར་བཏང་མི་དེ་གིས་ སྒེར་སྡེ་ལུ་ ཕན་ཐོགས་མེདཔ་ལས་ སྒེར་སྡེ་གོང་འཕེལ་བཏང་པའི་གྲངས་སུ་མི་ཚུད་ཟེར་ འཐུས་མི་དངོས་གྲུབ་བཟང་པོ་གིས་ ཞུ་ཡི།
གཞུང་གིས་ སྒེར་དང་གཅིག་ཁར་ ཚོང་འགྲན་བསྡུར་འབད་བ་ཅིན་ སྒེར་སྡེ་ལུ་ གནོད་པ་མ་གཏོགས་ ཕན་ཐོགས་མེདཔ་ལས་ རྒྱལ་ཁབ་ཀྱི་སྲིད་བྱུས་ མི་སེར་རང་གིས་ རང་གི་རྐང་མར་ ལོང་སྡོད་ཚུགསཔ་ བཟོ་ནི་ཟེར་མི་ལས་ འགལ་བ་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ འཕྲུལ་ཨམ་ངོ་མ་ཅིག་ སྒེར་སྡེ་ཨིན་ཟེར་མི་དེ་ ཡིག་ཐོག་ལུ་རྐྱངམ་གཅིག་མ་གཏོགས་ ལག་ལེན་འཐབ་ནི་མིན་འདུག་ཟེར་ ཞུ་ཡི།
བསྟན་རྒྱས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་ གཞུང་གི་གནས་ཡུན་སྐབས་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ བརྩོན་ཤུགས་སྦོམ་བསྐྱེད་ཡོདཔ་བཞིན་དུ་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ དངུལ་ཀྲམ་ཐེར་འབུམ་༡༠༠ ཡོད་ཟེར་ཞུ་ཡི།

འཐུས་མི་ དངོས་གྲུབ་བཟང་པོ་གིས་ ཞུ་བ་འབད་བའི་བསྒང་།

སྤྱི་ལོ་༢༠༡༣ ལུ་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་༡༣,༠༠༠ ལས་མེད་མི་དེ་ ལོ་ལྔའི་ནང་འཁོད་ལུ་༢༠,༠༠༠ ལུ་ ཡར་སེང་ཡོད་མི་དེ་གིས་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་བྱུང་ཡོདཔ་མ་ཚད་ མི་སེར་༩༠,༠༠༠ ལུ་ ལཱ་གཡོག་གི་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ བསྟན་རྒྱས་བློན་པོ་གིས་ ཞུ་ཡི།
དེ་ལས་ ལོ་དེ་ནང་ ཚོང་འབྲེལ་ཆོག་ཐམ་༡༩,༥༠༠ ཡོད་མི་ལས་ ལོ་ལྔའི་ནང་འཁོད་ནང་ ཆོག་ཐམ་༤༠,༠༠༠ དེ་ཅིག་ལུ་ ཡར་སེང་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ འཚོ་བ་སོ་ནམ་ལུ་བརྟེན་སྡོད་མི་ བརྒྱ་ཆ་༦༢ ཡོདཔ་ལས་ གྲོང་གསེབ་ཀྱི་ སོ་ནམ་པ་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ ཧེ་མ་ བཀག་ཆ་འབད་དེ་ཡོད་མི་ སྐྱིན་འགྲུལ་ཚུ་ལུ་ སྐྱེད་ཚད་མར་ཕབ་ཐོག་ གྲོང་གསེབ་ཚོང་ལས་གོང་འཕེལ་གྱི་ སྐྱིན་འགྲུལ་ཚུ་ བྱིན་ཡོདཔ་སྦེ་ཞུ་ཡི།
དེ་བཟུམ་སྦེ་ དཔལ་འབྱོར་གོང་འཕེལ་གྱི་ སྲིད་བྱུས་ཚུ་ སྒེར་སྡེ་ནང་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ ས་གཏེར་གྱི་ སྲིད་བྱུས་ ས་གཏེར་འཛིན་སྐྱོང་གི་བཅའ་ཁྲིམས་ག་ར་ བསྒྱུར་བཅོས་འབད་དེ་ འཕྲི་སྣོན་འབད་དེ་ཡོད་ཟེར་ཨིན་པས།
པ་ཝར་ཊེ་ལར་ གླ་ཁར་གཏང་ནི་ཚུ་ སྒེར་གྱིས་འབད་ཚུགས་པའི་ ལཱ་མེནམ་མ་ཚད་ རྒྱལ་ཁབ་ནང་ སོ་ནམ་འཕྲུལ་ཆས་བཙོང་དགོ་མི་དེ་ཡང་ སོ་ནམ་གོང་འཕེལ་གཏང་ནིའི་དོན་ལུ་མ་གཏོགས་ སྒེར་སྡེ་ལུ་ གནོདཔ་རྐྱབ་ནི་དོན་ལུ་མེན་ཟེར་ བསྟན་རྒྱས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *