བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་།

གཞུང་གིས་ མི་དབང་མཆོག་གིས་ གསར་བསྐོ་གནང་མི་ དྲུང་ཆེན་དང་ རྫོང་བདག་ གཟིམ་དཔོན་འོགམ་ལུ་ དར་གནང་ཡོདཔ། ནང་སྲིད་བློན་པོ་ལུ་ ཐེ་གཏོགས་མི་འབད་ནི།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ནང་སྲིད་བློན་པོའི་ རྩོད་གཞི་མཇུག་མ་བསྡུ་ཚུན་ཚོད་ གཞུང་འབྲེལ་གྱི་ དང་ལེན་འབད་ཐབས་མེད་ཟེར་ཨིན་པས།
ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀལ་ཡོད་རུང་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་ལས་ རྩོད་གཞི་ཕྱེ་བའི་བསྒང་འདུག་ཟེར་ ཁ་ཙ་ གནས་ཚུལ་ཞལ་འཛོམས་ནང་ བློན་ཆེན་གྱིས་ གསུངས་པའི་ཁར་ ནང་སྲིད་བློན་པོའི་ རྩོད་བཤེར་གྱི་རིམ་པ་ནང་ གཞུང་གིས་ བར་འཛུལ་མི་འབད་ཟེར་གསུངས་ཡི།
སྤྱི་ཟླ་༨ པའི་ཚེས་༢༧ ལུ་ ཐིམ་ཕུག་རྫོང་ཁག་གི་ ཉེས་རྩོད་ཁྲིམས་ཁྲི་དང་པ་གིས་ ནང་སྲིད་བློན་པོ་ལུ་ སྤྱི་ལོ་༢༠༡༦ ལུ་ གཡོ་སྒྱུའི་ཐོག་ལས་ སྣུམ་འཁོར་གྱི་ ཉེན་བཅོལ་དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ ལེན་ཡོད་པའི་ གནོད་འགེལ་ལུ་བརྟེན་ ཉེས་པ་ཡང་ཕྲའི་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ གནད་དོན་དེ་ ནང་སྲིད་བློན་པོའི་ གོ་གནས་མ་བཞེས་པའི་ཧེ་མར་ བྱུང་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པའི་ རྩོད་གཞི་མེན་ཟེར་ཨིནམ་ད་ ད་ལྟོ་ མཐོ་གཏུགས་འབད་ནིའི་ རིམ་པ་མཇུག་མ་བསྡུ་བར་ཡོད་པའི་ཁར་ མི་གཞན་གྱི་ མ་འོངས་གནས་སྟངས་ལུ་ ཚ་གྱང་ལངམ་ད་ སྡི་ཆེ་བའི་ ལོ་རྒྱུས་ཅིག་ཡང་ཨིན་མས་ཟེར་ གསུངས་ཡི།
རྩོད་གཞི་དེ་ ག་དེ་སྦེ་ འབད་ནི་ཨིན་ན་དང་ ག་ཅི་འབད་ནི་ཨིན་ན་ ནང་སྲིད་བློན་པོ་ཁོ་ར་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ ཁྲིམས་འདུན་གྱི་ བྱ་རིམ་ནང་ ཐེ་གཏོགས་མི་འབད་ནི་ཨིནམ་ བློན་ཆེན་རང་ལས་ ཁས་ལེན་ཡོདཔ་བཞིན་དུ་ གལ་སྲིད་ གཞུང་གིས་ བར་འཛུལ་འབད་བ་ཅིན་ གཞུང་ལུ་ སྙན་ཞུ་འབད་གནང་ཟེར་གསུངས་ཡི།
སྤྱི་ལོ་༢༠༡༣ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ བཀའ་རྒྱ་བཏོན་མི་དང་འཁྲིལཝ་ད་ ཐོག་མའི་ཁྲིམས་འདུན་ལས་ ཉེས་ཁྲིམས་ཕོག་པ་ཅིན་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་དགོཔ་ཨིནམ་ད་ དེ་བཟུམ་མའི་ བཀའ་རྒྱ་བཏོན་མི་དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་བཤེར་གྱི་དོན་ལུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་མི་དང་འཁྲིལ་ སྤྱི་གཡོགཔ་ཚུ་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་དགོ་པའི་ ཡིག་ཚང་བཀའ་རྒྱ་བཏོན་མི་ལུ་བརྟེན་ཨིན་པས།
སྤྱི་གཡོགཔ་ཚུ་ དགོངས་ཕོག་བཏོན་ནིའི་ཐད་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་པའི་ ནམ་དུས་ལུ་ སྒྲུབ་བྱེད་དང་ ཡིག་ཆ་ཚུ་ གཡོ་བཅོས་འབད་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ དོགས་པ་ཅན་དེ་ དགོངས་ཕོག་གཏང་དགོཔ་ཨིན་རུང་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་བའི་བསྒང་ལས་ དགོངས་ཕོག་གཏང་ནི་གི་ འོས་འབབ་མེད་ནི་དེ་གིས་ མངོན་མཐོ་ཁྲིམས་འདུན་ལས་ བཀའ་རྒྱ་བཏོན་ནུག།
འདས་པའི་གཞུང་གི་སྐབས་ ཧཱ་ལྷ་ཁང་དཀར་པོའི་ རྩོད་གཞི་ནང་ ཕྱི་འབྲེལ་བློན་པོ་བགྲེསཔ་དེ་ སྤྱི་ལོ་༢༠༡༥ ཟླ་༡ པའི་ནང་ རྩོད་བཤེར་ནང་ འཕྲོ་མཐུད་དེ་ར་ བཅའ་མར་གཏོགས་ཚུགས་ནི་དང་ ཡིག་ཚང་གི་ བྱ་སྒོ་ཚུ་ལུ་ ཐོ་མི་ཕོག་ནིའི་དོན་ལས་ གཞུང་གིས་ བློན་པོ་དེ་ ཟླ་རིམ་གྱི་ དངུལ་ཕོགས་ཐོབ་སྦེ་ ངལ་གསོ་ནང་བཏང་ནུག།
ཕྱི་འབྲེལ་བློན་པོ་བགྲེསཔ་ལུ་ གནོད་འགེལ་གྱི་ ཉེས་འཛུགས་འབད་མི་དེ་ཡང་ ད་རེས་ཀྱི་ ནང་སྲིད་བློན་པོ་བཟུམ་སྦེ་ སྲིད་དོན་ནང་ མ་འཛུལ་བའི་ཧེ་མར་ ཧཱ་གི་རྫོང་བདག་སྦེ་ ཕྱག་ཞུ་བའི་སྐབས་ཨིནམ་ལས་ འདས་པའི་གཞུང་དང་ འབྲེལ་བ་མེདཔ་ཨིན་རུང་ ལྷ་དཀར་པོའི་ རྩོད་གཞི་དེ་ ཐོག་མའི་ཁྲིམས་འདུན་ལས་ ཕྱི་འབྲེལ་བློན་པོ་བགྲེསཔ་ལུ་ ཉེས་མེད་ཀྱི་ འཁྲུན་ཆོད་གནང་པའི་ཤུལ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་བའི་ ནམ་དུས་ལུ་ སྤྱི་ལོ་༢༠༡༥ ཟླ་༧ པའི་བདུན་ཕྲག་གསུམ་པའི་ནང་ གཞུང་གིས་ རྩོད་ཟླ་དེ་ ཕྱི་འབྲེལ་བློན་པོའི་ གོ་གནས་ལས་ཕབ་སྟེ་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་བཞག་ནུག།
རྩོད་དོན་དེ་ལུ་ གཞི་བཞག་སྟེ་ བརྡ་བརྒྱུདཔ་ཅིག་གིས་ ཁ་ཙ་ དྲི་བ་ཞུ་བའི་ལན་ལུ་ བློན་ཆེན་གྱིས་ ད་ལྟོའི་ ནང་སྲིད་བློན་པོ་དང་ འདས་པའི་གཞུང་གི་ ཕྱི་འབྲེལ་བློན་པོ་༢ ཀྱི་ རྩོད་གཞི་དེ་ མི་འདྲ་ཟེར་ གསུངས་མི་དེ་ཡང་ ད་ལྟོའི་རྩོད་གཞི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བསྒང་འདུག་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༩ ལུ་ ནང་སྲིད་བློན་པོའི་ ཁྲིམས་རྩོདཔ་གིས་ ཆེ་མཐོའི་ཁྲིམས་འདུན་ལུ་ མཐོ་བཏུགས་འབད་མི་དེ་ཡང་ ཉེས་འཛུགས་ཅན་གྱིས་ ཉེན་བཅོལ་ལེན་ཡོད་མི་དེ་ འོས་འབབ་ལྡན་ཐོག་ལས་ ལེན་ཡོདཔ་ལས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁྲིམས་མཐུན་དང་ བདེན་པའི་རྣམ་གཞག་ལུ་ དྲི་བཀོད་འབད་དགོ་པའི་ གཞི་མཐོང་ཡི་ཟེར་བཀོད་ནུག།
ཁྲིམས་དོན་ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ནང་སྲིད་བློན་པོ་ལུ་ འཛོལ་བ་མེད་པའི་སྐོར་ལས་ བདེན་འཛིན་རུང་བའི་ སྒྲུབ་བྱེད་ཚུ་ ཕུལ་ཡོད་རུང་ ཐོག་མའི་ཁྲིམས་འདུན་གྱིས་ མ་བལྟ་བས་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *