གཞུང་གིས་ བློན་ཆེན་གྱི་གཟིམ་ཅུང་དོན་ལུ་ ཟད་འགྲོ་བཏང་མིའི་ཐད་ཁར་ དོགས་སེལ་འབད་དགོཔ།

༉ ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ གཞུང་གིས་ བློན་ཆེན་གྱི་གཟིམ་ཅུང་དོན་ལུ་ གཞུང་དངུལ་ དངུལ་ཀྲམ་ས་ཡ་༣ ལྷགཔ་ཅིག་ ཟད་འགྲོ་བཏང་ཡོདཔ་མ་ཚད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གཟིམ་ཅུང་དོན་ལུ་ ལཱ་གཞན་ཡང་ འབད་ཡོད་པའི་སྐོར་ལས་ དོགས་སེལ་འབད་དགོཔ་སྦེ་ཨིན་པས།
དེ་ཡང་ ལྡོག་ཕྱོགས་ཚོགས་པ་གིས་ སྤྱི་ཟླ་༣ པའི་ཚེས་༩ ལུ་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ རྩིས་ཞིབ་དབང་འཛིན་གྱིས་ བློན་ཆེན་གྱི་གཟིམ་ཅུང་དོན་ལུ་ གཟིམ་ཅུང་བསྐོར་ར་རྐྱབ་མི་ རྩིགཔ་གི་ཕྱོགས་བཞི་ནང་ གློག་མེ་དང་ སི་སི་ཊི་བི་པར་ཆས་བཙུགས་མི་ བློན་ཆེན་གྱི་གཟིམ་ཅུང་ནང་མཐུད་མི་ འཁོར་ལམ་གྱི་རྩི་ནག་དེ་ཡང་ མི་མང་གི་ མ་དངུལ་ཐོག་ལས་ བཏང་ཡོད་པའི་ ཤེས་རྟོགས་བྱུང་ཡོད་རུང་ མ་དངུལ་ག་དེམ་ཅིག་ གནས་ཡོདཔ་ཨིན་ན་ ཁ་གསལ་མིན་འདུག་ཟེར་ཨིན་པས།
དེ་ལུ་ བློན་ཆེན་ཁོ་ར་དང་ གཞུང་གིས་ དོགས་སེལ་འབད་ནིའི་ ཞུ་བ་འབདཝ་ཨིན་ཟེར་ཨིན་པའི་ཁར་ རྩིས་ཞིབ་དབང་འཛིན་གྱིས་ཡང་ ཟད་འགྲོ་དེ་ལུ་ བལྟ་ནིའི་རེ་བ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
དེ་མ་ཚད་ ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ གཞུང་གིས་ ཁོང་གི་གནས་ཡུན་འགོ་བཙུགསཔ་ད་ བློན་ཆེན་དང་ བློན་པོ་ཚུ་གི་དོན་ལུ་ སྲུང་རྒྱབ་མར་ཕབ་འབད་ནིའི་སྐོར་ལས་ རྒྱལ་ཁམས་ལུ་ གསལ་ཞུ་འབད་བའི་ཁར་ འཕྲལ་འཕྲལ་སྐབས་ར་ བློན་ཆེན་ཁོ་ར་ སྒེར་གྱི་སྣུམ་འཁོར་ནང་ འགྱོ་སར་མཐོང་དོ་ཡོདཔ་ལས་ སྲུང་སྐྱོབ་བྱིན་ནིའི་དོན་ལུ་ གཙོ་རིམ་དེ་ཅིག་ བཟུང་དགོ་པའི་གནད་དོན་ག་ཅི་ཨིན་ན་ཟེར་ དྲི་བཀོད་འབདཝ་ཨིན་པས།
བློན་ཆེན་གྱིས་ ཁོ་རའི་ ཟླ་རིམ་གྱི་དངུལ་ཕོགས་ལས་ བརྒྱ་ཆ་༣༠ ཁང་གླའི་འཐུས་འབདཝ་ད་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༥༧,༠༠༠ དེ་རེ་ ཐོབ་དོ་ཡོདཔ་ལས་ ཁོ་རའི་དངུལ་ཕོགས་དེ་ མང་དྲགས་ནུག་ཟེར་ ཁེ་མིན་ལས་ཚོགས་དང་ ཕན་བདེའི་ལས་སྡེ་ཚུ་ལུ་ གྲོགས་རམ་འབད་ནི་ཟེར་ སླབ་ཡོདཔ་ལས་ ད་ལྟོ་ མི་མང་གི་མ་དངུལ་ཚུ་ ཉེན་སྲུང་གི་དོན་ལུ་ ཟད་འགྲོ་གཏང་དགོ་པའི་སྐོར་ལས་ ག་ཅི་སྦེ་ གནད་དོན་ཐོན་དགོཔ་ཨིན་ན་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ ལོའི་ ཉེན་སྲུང་ལམ་ལུགས་དང་འཁྲིལཝ་ད་ བློན་ཆེན་གྱིས་ སྒེར་གྱི་ཁྱིམ་ནང་ སྡོད་ཆོག་པའི་དབང་ཆ་འདུག་ཟེར་སླབ་མི་ལུ་ ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ བློན་ཆེན་དེ་ ཧེ་མ་ལས་ ཉེན་སྲུང་ལམ་ལུགས་ཀྱི་ ཁེ་ཕན་ཐོབ་མི་ཨིནམ་ལས་ ཁེ་ཕན་ལྟག་སྤྲོད་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་ སྤྱི་ལོ་༢༠༠༣ ལས་༢༠༠༥ འི་བར་ན་ བློན་ཆེན་དང་ བློན་པོ་འབད་མི་ཚུ་གི་དོན་ལུ་ཡང་ དངུལ་ཀྲམ་ས་ཡ་༤.༥༤༦ བཏང་ཡོད་མི་དེ་ གསང་སྤྱོད་ལ་སོགས་པ་ཚུ་ རྐྱབ་ནིའི་དོན་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་ཡོད་མི་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ ད་ལྟོའི་གཞུང་སྐྱོང་མི་དང་ཧེ་མའི་བར་ན་ ཁྱད་པར་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ སྤྱི་ཟླ་༧ པ་ཚུན་ ད་རེས་ཡོད་མི་བཟུམ་ ལྷན་རྒྱས་གདན་ས་ཟེར་མེདཔ་ལས་ བློན་པོ་ཚུ་གིས་ གཞུང་དང་སྒེར་ཁྱིམ་ཚུ་ནང་ ཉེན་སྲུང་གི་ལམ་ལུགས་ བཞག་ནུག་ཟེར་ཨིནམ་ད་ དམངས་གཙོའི་རིང་ལུགས་ འགོ་མ་བཙུགས་པའི་ཧེ་མར་ བློན་པོ་དང་ བློན་ཆེན་འབད་མི་ཚུ་གིས་ མ་དངུལ་ལོག་བཏབ་དགོ་པའི་ དྲི་བ་བཀོད་དགོཔ་ མེད་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ སྤྱི་ལོ་༢༠༡༠ ལུ་ བློན་པོ་ཚུ་གིས་ ད་རེས་ཡོད་མི་ བློན་པོ་ཚུའི་ཁྱིམ་ནང་ སྤོ་བའི་སྐབས་ ཀུན་དགའ་ཆོས་གླིང་མགྱོན་ཁྱིམ་དེ་ མངོན་མཐོ་ཁྲིམས་འདུན་སྦེ་ ལག་ལེན་འཐབ་ཡོདཔ་ལས་ བློན་ཆེན་གྱི་སྒྲིང་ཁྱིམ་དེ་ གཞུང་གི་མགྱོན་ཁྱིམ་སྦེ་ ལག་ལེན་འཐབ་དགོཔ་ལས་ བློན་ཆེན་བགྲེསཔ་གིས་ དེ་ནང་ སྤོ་མ་ཚུགས་ཟེར་ཨིན་རུང་ ད་ལྟོའི་བློན་ཆེན་གྱི་སྐབས་ སྒྲིང་ཁྱིམ་དེ་ སྟོངམ་ཡོད་རུང་ བློན་ཆེན་གྱིས་ སྤོ་མ་བཏུབ་མི་དེ་ དོན་དག་ཁོ་ར་གིས་ ཤེས་ཟེར་ཨིན་པས།
གནད་དོན་དེའི་སྐོར་ལས་ ལྡོག་ཕྱོགས་ཚོགས་པ་གིས་ སྤྱི་ལོ་༢༠༡༦ ལོའི་ སྤྱི་ཚོགས་ཐེངས་༧ པའི་སྐབས་ ཚོགས་ཁང་ནང་ དྲི་བཀོད་འབད་ཡི་ཟེར་ཨིན་པའི་ཁར་ སྤྱི་ཚོགས་ཐེངས་༩ པའི་སྐབས་ལུ་ཡང་ རྗེས་དཔྱད་དྲི་བ་བཀོད་དེ་འབད་རུང་ ཚོགས་དཔོན་གྱིས་ ཆ་མེད་བཏང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
གཞུང་གིས་ གནད་དོན་དེ་ ལྡོག་ཕྱོགས་ཚོགས་པ་གིས་ ག་ཅི་སྦེ་ ཁྲིམས་འདུན་ལུ་ མ་སྐྱེལཝ་ཨིན་ན་ཟེར་ དྲི་བཀོད་འབད་མི་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་སྐྱོང་ནང་ བར་དཀྲོགས་འབད་ནིའི་ མནོ་བསམ་མེད་པའི་ཁར་ ལྡོག་ཕྱོགས་ཚོགས་པ་གིས་ དྲིན་ལེན་བཟུམ་སྦེ་འབད་ནིའི་ དམིགས་པ་མེད་པའི་ཁར་ ཚོགས་ཁང་ནང་འབད་རུང་ དགག་བཤེར་དང་ འཚེར་མཉམ་བྱིན་ཐབས་ལུ་ རྩ་འགེངས་དོ་ཡོད་རུང་ ཚོགས་པ་ནང་ གྱངས་ཁ་ཆོདཔ་ཅིག་ལས་མེདཔ་ལས་ གྲུབ་འབྲས་དེ་ཅིག་ འཐོན་མ་ཚུགས་ནི་དེ་གིས་ གཞུང་གིས་འབད་མི་ལུ་ ཉེས་འཛུགས་འབད་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་མ་ཚད་ མ་འོངས་པའི་ ལྡོག་ཕྱོགས་ཚོགས་པ་ཚུ་ལུ་ གཞུང་སྐྱོང་གིས་ ད་ལྟོ་བཟུམ་སྦེ་ འཇིགས་སྣང་འབད་མི་ལས་ བཀག་ཐབས་འབད་ཐབས་ལུ་དང་ ལྡོག་ཕྱོགས་ཀྱི་འགན་ཁུར་འབག་ནིའི་དོན་ལུ་ གཞུང་གིས་འབད་མི་ཚུ་ལུ་ སྐྱོན་བརྗོད་འབད་དོ་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བློན་ཆེན་གྱིས་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ ཡེ་ཤེས་སྦྱིན་པ་གི་སྐོར་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཞིབ་དཔྱད་འབད་བཅུག་པ་ཅིན་ ཡིག་ཚང་དེ་ གཞུང་གི་རྩོད་བཤེར་ངོ་ཚབ་ཨིནམ་ལས་ ཁེ་ཕན་ལྟག་སྤྲོད་ངོ་མ་ར་ དེ་ནང་ འཐོན་འོང་ཟེར་བཀོད་ནུག།
དེ་མ་ཚད་ གཞུང་གི་ཁྲིམས་ཚབ་ཅིག་འབད་ནི་དེ་གིས་ ཞིབ་དཔྱད་ཚུ་འབད་ནིའི་ནང་ གྲལ་གཏོགས་འབད་བཅུག་ནི་ མི་འོང་ཟེར་ཨིནམ་ད་ ཨིན་རུང་ གཞུང་གིས་ རྩི་རང་རྫོང་ཁག་ནང་ གཞུང་སྐྱོང་གི་རྒྱབ་སྐྱོར་པ་ཚུ་གིས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བའི་ སྐྱིན་འགྲུལ་དང་འབྲེལ་བའི་ དཀའ་ངལ་ཐོན་མི་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཞིབ་དཔྱད་འབད་བཅུག་མི་དེ་ གཞུང་གི་སྲིད་དོན་གྱི་དོན་ལུ་ ལག་ལེན་འཐབ་ནུག་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ བློན་ཆེན་གྱིས་ ད་ལྟོའི་གཞུང་གི་དཀའ་ངལ་དང་ གྲུབ་འབྲས་ལེགས་ཤོམ་མ་ཐོན་མི་དེ་ལས་ གཞུང་གི་སྐབས་ལུ་ ངན་ལྷད་དང་འབྲེལ་བའི་དཀའ་ངལ་ཐོན་མི་ཚུ་གི་ སྐྱོན་བསུབ་ཐབས་དང་ ལྡོག་ཕྱོགས་ཚོགས་པའི་མིང་གཏམ་ ཞན་བཅུག་ཐབས་ལུ་ བློན་ཆེན་གྱིས་ བདེན་ཁུངས་ཡོད་རུང་མེད་རུང་ ག་དེ་སྦེ་ཡང་ སླབ་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *