གཞུང་གིས་ བཟའ་འཐུང་ཉེན་སྲུང་གི་དོན་ལུ་ གཏན་འཇགས་ཀྱི་ ཚོང་ལམ་ཁག་ཆེ་ནི།

༉ བཟའ་འཐུང་ཉེན་སྲུང་དང་ལྡནམ་ བཟོ་ནིའི་དོན་ལུ་ གཞུང་གིས་ སོ་ནམ་ཐོན་སྐྱེད་ཚུ་གི་ ཚོང་འབྲེལ་ཡར་དྲག་གཏང་ནི་རྐྱངམ་གཅིག་མེན་པར་ གཏན་འཇགས་ཀྱི་ ཚོང་འབྲེལ་ཐབས་ལམ་ཅིག་ བཏོན་དགོཔ་འདུག་ཟེར་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ སྤྱི་ཚོགས་ལྷན་བཞུགས་ནང་ འཐུས་མི་ཚུ་གིས་ ཞུ་ཡི།

བཀྲིས་སྒང་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ལྷ་ཀྲུ་གིས་ ས་གནས་ལ་ལོ་ཅིག་ནང་ སོ་ནམ་ཐོན་སྐྱེད་ ག་དེམ་ཅིག་ ཐོན་སྐྱེད་འབད་རུང་ བཙོང་སའི་ས་གོ་མེད་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་འདུག་ཟེར་ ཞུ་བའི་ཁར་ གཞུང་གི་ཧོངས་ལས་ རང་སོའི་སོ་ནམ་གྱི་ ཐོན་སྐྱེད་བཙོང་ནིའི་དོན་ལུ་ སློབ་གྲྭ་ཚུ་དང་ མཉམ་འབྲེལ་འབད་ཡོད་རུང་ སློབ་གྲྭ་སྒོ་བསྡམས་པའི་སྐབས་ བཙོང་མ་ཚུགས་པར་ སོ་ནམ་པ་ཚུ་ མགུ་འཐོམ་བྱུང་ནུག་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ གལ་སྲིད་ གཞུང་གིས་ གཏན་འཇགས་ཀྱི་ ཚོང་འབྲེལ་ས་གོ་ཅིག་ བཟོ་གནང་པ་ཅིན་ སོ་ནམ་པ་ཚུ་ ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་ནི་ཨིནམ་མ་ཚད་ བཟའ་འཐུང་རང་ལྡང་བཟོ་ནི་དང་ ཉེན་སྲུང་ལུ་ཡང་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ཨིན་པས།

དར་དཀར་ནང་གི་འཐུས་མི་ སུར་ཇ་མཱན་ཐ་པ་གིས་ ལ་ལོ་ཅིག་ རང་སོའི་ཐོན་སྐྱེད་འབག་སྟེ་ ཁྲོམ་ཁར་ལྷོདཔ་ད་ སྲིད་བྱུས་དམ་དྲགས་ཡོད་མི་ལུ་བརྟེན་ བཙོང་སའི་ས་གོ་མེད་པའི་ གདོང་ལེན་བྱུང་སྟེ་འདུག་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ སོ་ནམ་པ་ལ་ལོ་ཅིག་ ཐིམ་ཕུག་ཚོད་བསྲེ་ཁྲོམ་ཁར་ ཐོན་སྐྱེད་འབག་འོངམ་ད་ བཙོང་སའི་ས་གོ་མེདཔ་ལས་ འཁོར་ལམ་བདའ་སྟེ་ བཙོང་ས་མཐོང་དོ་ཡོདཔ་ལས་ ལམ་ལུགས་དང་ སྲིད་བྱུས་ཚུ་ སྒྲིང་སྒྲི་བཟོ་དགོཔ་འདུག་ཟེར་ཨིན་པས།

དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ གཞུང་གིས་ བརྩོན་ཤུགས་ཐེབས་བཏོན་ཐོག་ལས་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དེ་ ཁག་ཆེ་ཟེར་ ཞུ་བའི་ཁར་ གཡུས་སྒོ་ཚུ་ནང་ འཁོར་ལམ་ལྷོད་མི་ལུ་བརྟེན་ རང་སོའི་ཐོན་སྐྱེད་ཚུ་ ཁྲོམ་ཁར་བསྐྱལ་ནི་ལུ་ བྱ་སྟབས་མ་བདེཝ་མེད་རུང་ བཙོང་ས་དང་ ཉོ་མི་མེད་པའི་དཀའ་ངལ་ ཐོན་བཞིན་དུ་ཡོདཔ་ལས་ ཀོ་བིཌ་-༡༩ ལུ་བརྟེན་ བཟའ་འཐུང་ཉེན་སྲུང་ལུ་ དྲན་པ་ཐེབས་སྦེ་ར་ ཐོབ་ཅི་ཟེར་ཞུ་ཡི།

དེ་འབདཝ་ལས་ གཞུང་གིས་ སོ་ནམ་པ་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ བཙུགས་དགོ་པའི་ཁར་ མི་སེར་ཚུ་ལུ་ ལྷན་ཐབས་མ་དངུལ་ཚུ་ཡང་ བྱིན་དགོཔ་འདུག་ཟེར་ འཐུས་མི་ཨོ་རྒྱན་དབང་འདུས་ཀྱིས་ ཞུ་ཡི།

སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ བཟའ་འཐུང་ལུ་ ལྷམ་པ་མ་འདྲཝ་དང་ གདོང་ལེན་ལེ་ཤ་ཡོད་པའི་ཁར་ མི་ཚུ་གི་ རེ་འདོད་འབད་རུང་ འདྲ་མིན་སྣ་ཚོགས་ཡོདཔ་མ་ཚད་ གོ་བ་བརྡ་སྤྲོད་ལེགས་ཤོམ་ མ་ལྷོད་མི་གིས་ཡང་ བཟའ་འཐུང་རང་མགོ་རང་འདྲོངས་ལུ་ ཐོ་ཕོགཔ་མས་ཟེར་ཨིནམ་ད་ ད་ཚུན་ ཐོན་ཤུགས་ཀྱི་ ཐབས་ལམ་ལུ་ གཙོ་བོར་བཏོན་ཏེ་ ཚོང་འབྲེལ་འཐབ་ནི་དང་ བཀྲམ་སྤེལ་འབད་ནི་ལུ་ འཐུས་ཤོར་ནུག་ཟེར སོ་ནམ་བློན་པོ་གིས་ ཞུ་ཡི།

དམངས་རྩིས་ཚོགས་ཆུང་གིས་ བཟའ་འཐུང་རང་མགོ་རང་འདྲོངས་དང་ ཉེན་སྲུང་གི་ལས་འབྲེལ་རྩིས་ཞིབ་སྙན་ཞུ་༢༠༡༢-༡༣ ལས་༢༠༡༦-༡༧ ཚུན་གྱི་ བསྐྱར་ཞིབ་སྙན་ཞུ་ཕུལ་ཡོདཔ་ད་ ཚོང་ཁྲོམ་གྱི་བརྡ་དོན་ ངོས་ལེན་གྲུབ་ཡོད་པའི་ ཚོང་ཁྲོམ་གྱི་མཐུན་འབྲེལ་ དེ་ལས་ ལོ་ཐོག་བསྡུ་ཞིནམ་ལས་བཞག་སའི་ མཛོད་ཁང་གི་ རྟེན་གཞི་ལངམ་སྦེ་ བཟོ་ནི་ཚུ་ ཡར་དྲག་གཏང་དགོ་པའི་ གྲོས་འདེབས་ཕུལ་ཡི།

ཚོགས་ཆུང་གི་ཁྲི་འཛིན་ སྤ་རོའི་རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ བཟའ་འཐུང་དང་ ཟས་བཅུད་ཀྱི་ཉེན་སྲུང་ལངམ་སྦེ་མེད་པའི་ཁར་ བཟའ་འཐུང་གི་ ཅ་ཆས་གཙོ་བོ་ ཆུམ་ནང་འདྲེན་ལུ་བརྟེན་སྡོད་མི་ མཐོ་དྲགས་སྦེ་འདུག་ཟེར་ཞུ་ཡི།

དེ་ཡང་ བརྒྱ་ཆ་༤༨ རྐྱངམ་གཅིག་ རང་མགོ་རང་འདྲོངས་ཡོདཔ་ལས་ རྒྱལ་ཁབ་ནང་ ཆུམ་མ་ལང་པའི་དཀའ་ངལ་སེལ་ཐབས་ལུ་ ཆུམ་ནང་འདྲེན་ འཕྲོ་མཐུད་དེ་ར་ འབད་དེ་ཡོདཔ་ད་ བཟའ་འཐུང་ཚུ་ ལངམ་སྦེ་བཟོ་ནིའི་དོན་ལུ་ སྤྱོད་བཏུབ་པའི་ས་ཞིང་ ཉུང་དྲགས་འདུག་ཟེར་ ཁྲི་འཛིན་གྱིས་ཞུ་ཡི།

རྒྱལ་ཁབ་ཀྱི་ས་གཞི་ བརྒྱ་ཆ་༢.༩ རྐྱངམ་གཅིག་སྤྱོད་བཏུབ་སྦེ་ཡོད་རུང་ ཞིང་ཆུ་རྒྱུན་བརྟན་མེདཔ་ལས་ ལོ་ཐོག་གི་ ཐོན་སྐྱེད་སྐྱོ་དྲགས་སོང་སྟེ་ཡོདཔ་ད་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་མེདཔ་བཏངམ་ད་ སོ་ནམ་པ་ཚུ་ལུ་ རྒུད་འཐུས་སྤྲོད་ནིའི་ ལས་འཆར་གཞི་མེདཔ་ཨིན་པས།

སྤྱི་ལོ་༢༠༡༢ ལས་༢༠༡༦ གི་བར་ན་ དངུལ་ཀྲམ་ས་ཡ་༣༧༠ གནས་པའི་ ལོ་ཐོག་ཚུ་གི་གྲས་ལས་ མང་ཤོས་ར་འབྱ་ཚུ་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་ནུག་ཟེར་ཨིན་པས།

གནད་དོན་དེ་ལུ་བརྟེན་ ཚོགས་ཆུང་གིས་ ཐོན་སྐྱེད་རྒྱ་ཆེཝ་སྦེ་ བསྡུ་ཚུགས་པའི་ ཕན་ཐབས་ལུ་ སོ་ནམ་པ་ཚུ་ལུ་ ལྟ་རྟོག་དང་ འཕྲུལ་རིག་གི་རྒྱབ་སྐྱོར་ཚུ་ ཧེ་མ་ལས་ལྷག་སྟེ་ བྱིན་དགོ་པའི་ཁར་ རི་དྭགས་སེམས་ཅན་དང་ རང་བཞིན་རྐྱེན་ངན་གྱིས་ ལོ་ཐོག་མེདཔ་བཏང་སྟེ་ རྒུད་ཕོག་མི་ སོ་ནམ་པ་ཚུ་ལུ་ རྒུད་འཐུས་ལངམ་སྦེ་ སྤྲོད་དགོཔ་བཞིན་དུ་ གཞུང་གིས་ བཟའ་འཐུང་རང་ལྡང་དང་ ཉེན་སྲུང་གི་ ལམ་སྟོན་ས་ཁྲ་ཅིག་ བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *