སློབ་ཕྲུག་བུཚ་ཚུ་གིས་ པ་ཏྲ་རྐོ་བའི་བསྒང་།

གཞུང་གིས་ བཀྲིས་གཡང་རྩེ་རིག་གནས་མཐོ་རིམ་སློབ་གྲྭའི་ མིང་བསྒྱུར་བཅོས་འབད་ཡོདཔ།

༉ བཀྲིས་གཡང་རྩེ་ བཟོ་རིག་བཅུ་གསུམ་སྦྱོང་བརྡར་སྤེལ་ཁང་ནང་ རིག་གནས་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་མི་དེ་ ད་རེས་ གཞུང་ལས་བཀོད་རྒྱ་གནང་མི་དང་འཁྲིལ་ཏེ་ བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་སྦེ་ མིང་བསྒྱུར་བཅོས་འབད་ནུག།

མཐོ་རིམ་སློབ་གྲྭ་དེ་ ན་ཧིང་ སྤྱི་ཟླ་༨ པའི་ནང་ འགོ་འབྱེད་འབད་ཡོདཔ་ད་ མཐོ་རིམ་སློབ་གྲྭའི་ མིང་སོར་མི་དེ་གིས་ ཧེང་སྐལ་སློབ་ཕྲུག་དང་ སློབ་དཔོན་ཚུ་ལུ་ མགུ་འཐོམ་དགོཔ་བྱུང་ནུག།

ད་རེས་ གཞུང་གིས་ མིང་རྐྱངམ་གཅིག་ བསྒྱུར་བཅོས་འབད་ཡོདཔ་མ་གཏོགས་ བཟོ་རིག་བཅུ་གསུམ་སྦྱོང་བརྡར་སྤེལ་ཁང་ནང་ གཞི་རྟེན་གསརཔ་ཅིག་ ག་ནི་ཡང་ བཟོ་སྟེ་མེདཔ་ད་ བཀྲིས་གཡང་རྩེ་རྫོང་ཁག་ནང་ མཐོ་རིམ་སློབ་གྲྭྭ་དང་ སྦྱོང་བརྡར་སྤེལ་ཁང་ཟེར་རུང་ བཟོ་རིག་བཅུ་གསུམ་སྤེལ་ཁང་རྐྱངམ་གཅིག་ཨིན་པས།

ཧེ་མ་ བཟོ་རིག་བཅུ་གསུམ་སྦྱོང་བརྡར་སྤེལ་ཁང་ནང་ བཟོ་རིག་གི་སྦྱོང་བརྡར་ཁག་ ལེ་ཤ་ཅིག་ར་འབད་དོ་ཡོདཔ་བཞིན་དུ་ མཐར་འཁྱོལ་མི་ཚུ་ལུ་ གནས་ཚད་ཅན་གྱི་ ལག་ཁྱེར་ཚུ་ བྱིན་དོ་ཡོདཔ་ད་ ཚོན་གཏང་ནི་དང་ འཇིམ་བཟོ་ སྤྲོས་རྐོ་ཚུ་ལུ་ ཌེབ་ལོ་མའི་ ལག་ཁྱེར་བྱིན་པའི་ཤུལ་ལས་ དུས་ཅི་ སྤྱི་ཟླ་༧ པ་ལས་ འཇིམ་བཟོ་གི་ རྒྱལ་ཡོངས་ཌེབ་ལོ་མའི་ སྦྱོང་བརྡར་བྱིན་ནི་ འཆར་གཞི་ཡོདཔ་ཨིན་པས།

མཐོ་རིམ་སློབ་གྲྭ་གི་ མིང་སོར་མི་ལུ་ མགུ་འཐོམ་དགོཔ་བྱུང་མི་གཅིག་ གལ་སྲིད་ སྦྱོང་བརྡར་སྤེལ་ཁང་ག་ར་ མཐོ་རིམ་སློབ་གྲྭ་ལུ་ བསྒྱུར་བཅོས་འབད་བ་ཅིན་ སྤེལ་ཁང་ནང་ མང་ཤོས་ར་ སྦྱོང་བརྡར་འབད་མི་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ཚུ་ཡོདཔ་ལས་ ཁོ་ཡང་ མཐོ་རིམ་སློབ་གྲྭའི་ གྲངས་སུ་བརྩི་འཇོག་འབད་དགོཔ་ཨིན་ན་ཟེར་ཨིན་པས།

ཀུན་གསལ་གྱིས་ ད་རེས་ བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་དེ་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་ལུ་མེད་པའི་ཁར་ མཐོ་རིམ་སློབ་གྲྭའི་ སྦྱོང་ཚད་ཅིག་ཡང་ མ་བཟོ་པར་ཡོདཔ་མ་ཚད་ འཛུལ་ཞུགས་ཀྱི་དོན་ལུ་ ཁྱབ་བསྒྲགས་ཡང་ འབད་དེ་མེད་པའི་ ཤེས་རྟོགས་བྱུང་ཡི།

སྤྱི་ཟླ་༣ པའི་ཚེས་༢༡ ལུ་ གནད་དོན་ཐོག་ལུ་ ལས་གཡོག་ལྷན་ཁག་གིས་ དོགས་སེལ་འབད་མི་ ཡི་གུ་དང་འཁྲིལཝ་ད་ མཐོ་རིམ་སློབ་གྲྭ་དེ་གིས་ སློབ་གྲྭ་དེ་ནང་ ཌེབ་ལོ་མ་གནས་ཚད་ཀྱི་ བཟོ་རིག་སྦྱོང་ཚན་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་ ཨིན་རུང་ ཌེབ་ལོ་མའི་ སྦྱོང་བརྡར་འབད་མི་དེ་ཡང་ རྒྱལ་ཡོངས་ཀྱི་ གནས་ཚད་ནང་མེན་པར་ སྤེལ་ཁང་གནས་ཚད་ནང་ཨིནམ་སྦེ་ ཤེས་རྟོགས་བྱུང་ནུག།

དུས་ཅི་ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ ལྷན་ཁག་གི་ ལག་རྩལ་ཤེས་ཡོན་ལས་ཁུངས་ཀྱི ཡི་གུ་ནང་བཀོད་མིའི་ནང་ ལྷན་ཁག་གིས་ སྦྱོང་བརྡར་སྤེལ་ཁང་ནང་ ད་ལས་ཕར་ བཟོ་རིག་མཐོ་རིམ་སློབ་གྲྭ་སྦེ་ ལག་ལེན་མི་འཐབ་ཟེར་ཨིན་པས།

བཟོ་རིག་མཐོ་རིམ་སློབ་གྲྭ་ནང་ གདམ་འཐུ་འབད་མི་ སློབ་ཕྲུག་༡༢ ཡོད་མི་གྲས་ལས་ སློབ་ཕྲུག་༡༡ གིས་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཀྲོང་གསར་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ འགྱོ་ནི་སྦེ་ ཐག་བཅད་དེ་འདུག།

སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ ཁོ་རའི་ ཆ་རོགས་ཚུ་གིས་ ཁྱོད་ཀྱི་མཐོ་རིམ་སློབ་གྲྭ་དེ་ ག་ཅི་འབད་ཡི་ཟེར་ དྲི་བའི་སྐབས་ ག་ཅི་སླབ་ནི་མེད་པར་ ངོ་ཚ་སི་སི་ཅིག་ ཨིན་མས་ཟེར་ཨིནམ་ད་ སློབ་གྲྭ་སྤོ་སོར་འབད་ནི་ལུ་ ལཱ་ཁག་ཅིག་ཨིན་རུང་ གཞུང་གིས་ གྲོས་ཐད་བཅད་ཡོདཔ་ལས་ ཐབས་ར་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལོ་༡ འཕྲོ་བརླག་སོང་ཡོད་པའི་ཁར་ ཆ་རོགས་གཞན་མི་ཚུ་དང་འཕྱདཔ་ད་ ལོ་ངོ་༢ པའི་ནང་ འཛུལ་ནི་ལུ་ ལོ་༡ ཕྱིས་སོ་ཡི་ཟེར་ཨིན་པས།

ལྷན་ཁག་གིས་ ཡི་གུ་ནང་ བཀོད་མིའི་ནང་ འཆར་གཞི་༡༢ པའི་ནང་ བཀྲིས་གཡང་རྩེ་ལུ་ བཟོ་རིག་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནིའི་དོན་ལུ་ ལཱ་འབད་ནི་ཨིན་ཟེར་ཨིནམ་ད་ མཐོ་རིམ་སློབ་གྲྭ་དེ་ སྒོ་བསྡམས་དགོ་པའི་སྐོར་ལས་ བརྡ་བརྒྱུད་ནང་ ཐོན་པའི་ཤུལ་ལས་ གཞུང་གིས་ དེ་འཕྲོ་ལས་ མཐོ་རིམ་སློབ་གྲྭའི་མིང་ སོར་བཏང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *