གཞུང་གིས་ དྲུང་འཚོ་མཁས་མཆོག་ཚུ་ལུ་ ཁེ་ཕན་སྤྲོད་ནི་གི་ ཐབས་ལམ་གསརཔ་བལྟ་ནི།

༉ སྤྱི་ཚོགས་ཀྱིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་མི་འབད་ནི་སྦེ་ ཐུགས་ཐག་བཅད་ཡོད་རུང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ གྲོས་འཆར་ལུ་ ཞིབ་འཇུག་འབད་ནིའི་དོན་ལུ་ གཞི་བཙུགས་འབད་མི་ ཚོགས་ཆུང་དེ་གིས་ བརྟག་ཞིབ་འཕྲོ་མཐུད་འབད་དེ་ ལྷན་རྒྱས་གཞུང་ཚོགས་ལུ་ སྙན་ཞུ་ཅིག་ ཕུལ་འོང་ཟེར་ཨིན་པས།
ཚོགས་ཆུང་དེ་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ བསྐྱར་འཛུགས་འབད་མི་དེ་ཡང་ སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་གི་ འོས་འབབ་ཡོད་མེད་ བལྟ་ནི་དང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ རང་དབང་ཐོག་ བྱ་སྒོ་འཐབ་ནི་དང་ ལེགས་བཅོས་འབད་དགོ་པའི་ གནད་དོན་ཚུ་ བརྟག་ཞིབ་འབད་ཐབས་ལུ་ཨིན་པས།
འདས་པའི་རེས་གཟའ་སྤེན་པ་ལུ་ བརྡ་བརྒྱུད་ཀྱི་ འཐུས་མི་ཚུ་དང་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ བློན་ཆེན་གྱིས་ རྒྱལ་ཁབ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསོ་བའི་ཞབས་ཏོག་ཚུ་ རིན་མེད་སྟོང་པར་སྦེ་ ཐོབ་ཚུགསཔ་བཟོ་གནང་མི་ སྐྱིད་སྡུག་གི་ ལམ་ལུགས་དེ་ གཞུང་གི་ཁ་ཐུག་ལས་ ལེགས་ཤོམ་སྦེ་ བདག་འཛིན་འབད་ནིའི་ འགན་ཁུར་འབག་དགོ་ཟེར་གསུངས་ཡི།
དེ་འབདཝ་ལས་ གཞི་རྟེན་གྱི་ གསོ་བའི་ཞབས་ཏོག་ལས་ འགོ་བཙུགས་ཏེ་ མཁས་མཆོག་གི་ གསོ་བའི་ཞབས་ཏོག་ག་ར་ རིན་མེད་སྟོང་པ་དང་ ཞབས་ཏོག་ཆ་ཚང་ དེ་ལས་ སྤུས་ཚད་དང་ལྡནམ་སྦེ་ གནང་ནི་དེ་ གནམ་མེད་ས་མེད་ ཁག་ཆེ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ མཁས་མཆོག་གི་ ཞབས་ཏོག་ཟེར་བའི་སྐབས་ ལུང་ཕྱོགས་ཀྱི་ སྨན་ཁང་ཚུ་ ཁག་ཆེ་ཝ་ཨིན་མི་ནང་ལས་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལྷག་པར་དུ་ གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ རྒྱ་སྐྱེད་གཏང་ནི་དང་ ལེགས་བཅོས་འབད་ནི་ ཞབས་ཏོག་གསརཔ་གཙུགས་ནི་གི་ འཆར་གཞི་ལེ་ཤ་ཡོད་ཟེར་ཨིན་པས།
འདི་བཟུམ་མའི་ འཆར་གཞི་དང་འཁྲིལ་ཏེ་ གཞུང་གིས་ ལག་ལེན་འཐབ་པའི་ཁར་ ལཱ་ཚུ་འབད་དོ་ཡོདཔ་ཨིན་རུང་ ཚ་གྱང་སྦོམ་ཤོས་གཅིགཔོ་དེ་ སྨན་ཁང་གི་ དྲུང་འཚོ་ཚུ་གི་ནང་ལས་ དམིགས་བསལ་དུ་ དྲུང་འཚོ་མཁས་མཆོག་ཚུ་ ཉིན་ནུབ་མེད་པར་ ལཱ་འབད་དགོཔ་ ཐོན་མི་ལུ་བརྟེན་ ཁོང་ལུ་ ལཱ་དང་བསྟུན་པའི་འཐུས་ཅིག་ གཞུང་གིས་ གནང་དགོ་པས་ཟེར་ མནོ་བསམ་བཏང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཐབས་ཤེས་དྲག་ཤོས་ར་ སྨན་ཁང་དེ་ ལས་འཛིན་བཟོ་ནིའི་དོན་ལུ་ བསྟུན་གྲོས་རྐྱངམ་གཅིག་འབདཝ་མ་གཏོགས་ ཐག་མ་བཅད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཨིན་རུང་ མི་སེར་ལ་ལོ་ཅིག་གིས་ ད་ལས་ཕར་ སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་རྐྱབ་པའི་བསྒང་ལས་ ཞབས་ཏོག་ལེན་པའི་སྐབས་ འཐུས་སྤྲོད་དགོཔ་ འཐོན་ནི་མས་ཟེར་ དོགས་པ་ཆགས་ཏེ་ རྣམ་ཏོག་ལང་དགོཔ་ བྱུང་ནུག་ཟེར་ཨིནམ་ད་ གཞུང་གིས་ མི་སེར་ཚུ་ལུ་ ཞབས་ཏོག་དེ་ལུ་ འཐུས་སྤྲོད་མི་དགོ་ཟེར་ ཡང་ལས་ཡང་དུ་ བཤད་སླབ་བྱིན་རུང་ ངོས་ལེན་འབད་མ་བཏུབ་ཟེར་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ མི་ཚུ་གི་ སྣང་བ་ལུ་ གཞུང་གིས་ འཐུས་ལེན་ནི་མས་ཟེར་ ཧ་གོ་ནུག་ཟེར་ཨིནམ་ད་ མ་གཞི་ དམིགས་ཡུལ་དེ་ ལེགས་ཤོམ་ཡོད་རུང་ མི་རེ་གཉིས་དང་ གཙུག་སྡེ་རེ་གཉིས་ལུ་ གཞུང་གི་ ག་དེ་ཅིག་ གསོལཝ་བཏབ་རུང་ ཉན་མ་བཏུབ་ཟེར་གསུངས་ཡི།
མི་སེར་ཚུ་གིས་ བདེན་པ་མེད་མི་དེ་ཨིནམ་སྦེ་ མནོ་བསམ་བཏང་མི་དང་ ད་རེས་ འཐུས་སྤྲོད་དགོཔ་འབྱུང་ནི་མས་ཟེར་ སླབ་པའི་སྐབས་ བློན་ཆེན་ཁོ་ར་ཡང་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ དམིགས་བསལ་སྦེ་ རྒྱ་སྐྱེད་གཏང་སྟེ་ ལེགས་བཅོས་འབད་དགོཔ་མ་ཚད་ ཞབས་ཏོག་སྣ་ཚོགས་ འཕྲོ་མཐུད་དེ་ར་ གཞི་བཙུགས་འབད་དགོ་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ དྲུང་འཚོ་མཁས་མཆོག་ཚུ་གི་ འཐུས་ཐོབ་ཐངས་ཚུ་ ལེགས་ཤོམ་སྦེ་ ཡར་སེང་འབད་ནིའི་ཐད་ཁར་ ཐབས་ཤེས་གསརཔ་ བཏོན་དགོ་པས་ཟེར་ གསུངས་ཡི།
དེ་གི་དོན་ལུ་ གཞུང་གིས་ དྲུང་འཚོ་ཚུ་དང་གཅིག་ཁར་ བསྟུན་གྲོས་གནང་ཐོག་ལས་ ཐབས་ཤེས་བཏོན་དགོ་ནི་མས་ཟེར་ཨིནམ་ད་
ཞིབ་འཚོལ་གྱི་ སྙན་ཞུ་ཚུ་ ལྷོད་པའི་སྐབས་ སྙན་ཞུ་ནང་ ལས་འཛིན་མ་བཟོ་བར་ ཁོང་གི་ དངུལ་ཕོགས་ཚུ་ ག་དེ་སྦེ་ སེང་ཚུགས་ནི་ཨིན་ན་ ཐབས་རིག་དང་འཁྲིལ་ཏེ་ ཐག་བཅད་ཚུགས་ནི་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ད་ལྟོ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ མི་སྟོབས་དང་ དངུལ་འབྲེལ་གྱི་ དབང་ཚད་མེདཔ་བཞིན་དུ་ གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷབ་རྡོ་རྗེ་གིས་ སླབ་མིའི་ནང་ སྨན་ཁང་དེ་ལུ་ རང་དབང་ཧྲིལ་བུ་གནང་ནི་གི་ གོ་སྐབས་གནང་དེ་ ལྷན་རྒྱས་གཞུང་ཚོགས་ལུ་ཡོད་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ སྨན་ཁང་ནང་ ལཱ་འབད་མི་ག་ར་ལུ་ དངུལ་ཕོགས་དང་ འཐུས་ལེགས་ཤོམ་སྤྲོད་དགོ་པ་ཅིན་ གཙོ་བསྟེན་སྨན་ཁང་དེ་ མདུན་བསྐྱོད་འབད་ནི་གི་ ཐབས་ལམ་ཟེར་རུང་ གཞུང་གི་ཁ་ཐུག་ལས་ མི་སྟོབས་དང་ དངུལ་འབྲེལ་གྱི་ རང་དབང་གནང་ར་ཨིན་མས་ཟེར་ཨིན་པས།
གཙོ་བསྟེན་སྨན་ཁང་གི་ མཁས་མཆོག་ཅིག་གིས་འབད་བ་ཅིན་ སྨན་ཁང་དེ་ མི་མང་གསོ་བའི་ཞབས་ཏོག་ སྒེར་སྡེ་བཟོ་ནིའི་དོན་ལུ་ རང་སྐྱོང་ལས་འཛིན་སྦེ་ བསྒྱུར་བཅོས་འབད་ནི་གི་ དམིགས་ཡུལ་ཨིན་པ་ཅིན་ སྤྱི་ཚོགས་ཀྱིས་ ཐེ་གཏོགས་ཐོག་ ལས་འཛིན་ལུ་ བསྒྱུར་བཅོས་མི་འབད་ནི་སྦེ་ ཐག་བཅད་མི་དེ་ ལེགས་ཤོམ་ཨིན་མས་ཟེར་ཨིན་པས།
ཨིན་རུང་ གཞུང་གི་ཧོངས་ལས་ དམིགས་དོན་དེ་སྦེ་མེན་པའི་སྐོར་ ལེགས་ཤོམ་སྦེ་ར་ དོགས་སེལ་གནང་ཡི་ཟེར་ མཁས་མཆོག་དེ་གིས་ བཤད་པའི་ཁར་ ལས་འཛིན་བཟོ་ནིའི་དོན་ལུ་ ཞིབ་འཇུག་དང་ གྲོས་བསྟུན་འབད་ཡོད་པ་ཅིན་ ཕན་ཐབས་བྱུང་བྱུངམ་འོང་ཟེར་ བཤདཔ་ཨིན་པས།
གསོ་བའི་དྲུང་ཆེན་ ཌོག་ཊར་ཨོ་རྒྱན་རྡོ་ཕུག་གིས་ སླབ་མིའི་ནང་ ཁོ་ལུ་ ཚོགས་ཆུང་ཧྲམ་དགོ་པའི་ བཀའ་རྒྱ་མ་ཐོབ་ལས་ ཚོགས་ཆུང་གིས་ ཞིབ་འཇུག་གི་ ལཱ་འཕྲོ་མཐུད་འབད་དེ་ ད་རིས་ཀྱི་ཟླཝ་ནང་ ལྷན་རྒྱས་གཞུང་ཚོགས་ལུ་ སྙན་ཞུ་ཕུལ་འོང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ་/རིག་འཛིན་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *