གཞུང་གིས་ ཇ་པཱན་ལུ་ཡོད་པའི་ ན་གཞོན་ཚུ་གི་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཡར་སེང་འབད་ཡོདཔ།

༉ ལས་གཡོག་ལྷན་ཁག་གིས་ ཨོ་ཨི་ཨེསི་ཌི་ཟེར་ ཕྱི་རྒྱལ་ལཱ་གཡོག་རིག་རྩལ་གོང་འཕེལ་ལས་རིམ་ནང་ཡོད་མི་ འབྲུག་པའི་ན་གཞོན་ཚུ་གི་དོན་ལུ་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཕར་སེང་འབད་ནིའི་ གདམ་ཁ་བྱིན་ཡོདཔ་ཨིན་པས།
དེ་འབདཝ་ལས་ ན་གཞོན་ཚུ་གིས་ སྐྱིན་འགྲུལ་གྱི་ སྐྱིན་ཚབ་བཏབ་ནི་དེ་ རང་སོའི་གདམ་ཁ་དང་འཁྲིལ་ དུས་ཡུན་ཕར་འགྱངས་འབད་ནིའི་ གོ་སྐབས་ཅིག་ཨིནམ་ད་ ན་གཞོན་ཚུ་གིས་ སྐྱིན་འགྲུལ་དེ་ཡང་ ཇ་པཱན་གྱི་ ཁ་སྐད་ལྷབ་ནི་དང་ ཆེ་རིམ་ཤེས་ཡོན་བལྟ་ནི་ ལག་ཤེས་སྦྱོང་བརྡ་མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་ཐོག་ལས་ དུས་ཚོད་ཧྲིལ་བུ་ལཱ་འབད་ནིའི་དོན་ལུ་ ལེན་ཡོདཔ་ཨིན་པས།
ལས་གཡོག་ལྷན་ཁག་གིས་ སྐྱིན་འགྲུལ་ཕར་འགྱངས་ཀྱི་ ཁྱབ་བསྒྲགས་འབད་མི་དང་འཁྲིལཝ་ད་ སྐྱིན་འགྲུལ་གྱི་ ཞབས་ཏོག་ལེན་མི་ མཐོ་རིམ་ཤེས་ཚད་འཆང་མི་ ན་གཞོན་ཚུ་གིས་ སྐྱིན་ཚབ་ལོ་༧ ནང་འཁོད་ལུ་དང་ སློབ་རིམ་༡༢ པ་ཚུ་གིས་འབད་བ་ཅིན་ དུས་ཡུན་ལོ་༩ ནང་ བཏབ་དགོ་ཟེར་ཨིན་པས།
སྐྱིན་ཚབ་ཀྱི་ དུས་ཡུན་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ཡར་སེང་འབད་མི་དེ་ མི་རྩིས་ནི་ཨིནམ་ད་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཡར་སེང་འབད་ཡོད་རུང་ དངུལ་སྐྱེད་དེ་ ཕོག་སྟེ་ར་ སྡོད་ནི་ཨིན་པས།
ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྐྱིན་འགྲུལ་གྱི་ དུས་ཡུན་དེ་ཡང་ ན་གཞོན་ཚུ་གི་ ཕར་འགྱངས་འབད་ནིའི་ ཡི་གུ་བཙུགས་མི་དང་ དངུལ་ཁང་གི་ བྱ་རིམ་ཚུ་ མཇུག་བསྡུ་བའི་ཉིནམ་ལས་ འགོ་བཙུགས་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐྱིན་ཚབ་བཏབ་ནི་གི་ དུས་ཡུན་ཡར་སེང་འབད་ནིའི་ དང་འདོད་ཡོད་མི་ ན་གཞོན་ཚུ་གིས་ ནམ་ར་འབད་རུང་ ཐད་ཀར་དུ་ དངུལ་འབྲེལ་ལས་སྡེ་ཚུ་ནང་ འགྱོ་དགོ་ཟེར་ཨིནམ་ད་ དུས་ཡུན་ཕར་འགྱངས་འབད་ནིའི་ ཚེ་གྲངས་མཇུག་མ་བཟོ་བར་ ད་ལྟོ་ དེ་སྦེ་ར་ སྒོ་ཡངས་སྦེ་ བཞག་ཡོད་ཟེར་ཨིན་པས།
ཨོ་ཨི་ཨེསི་ཌི་གི་ སྐྱིན་ཚབ་བཏབ་ནི་ ཕྱིར་འགྱངས་མཐུན་རྐྱེན་དང་ ཡང་ཅིན་ དུས་ཡུན་ཡར་སེང་འབད་མི་དེ་ རང་སོའི་གདམ་ཁ་དང་འཁྲིལ་ནི་ཨིནམ་བཞིན་དུ་ གདམ་ཁ་དེ་གཉིས་ལུ་ དང་འདོད་མེད་མི་ཚུ་གིས་ ད་ལྟོ་བཟུམ་སྦེ་ར་ སྐྱིན་ཚབ་འཕྲོ་མཐུད་བཏབ་ཆོག་ཟེར་ ཁྱབ་བསྒྲགས་ནང་བཀོད་ནུག།
ལས་རིམ་དེ་ཡང་ ལས་གཡོག་ལྷན་ཁག་གིས་ ན་གཞོན་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ ཧེ་མ་ལས་ ཨོ་ཨི་ཨེསི་ཌི་གི་ དུས་ཡུན་ཕྱིར་འགྱངས་འབད་ཡོད་པའི་ ཁ་སྐོང་བཟུམ་ཅིག་ཨིན་པས།
སློབ་ཕྲུག་ན་གཞོན་རེ་གིས་ སྐྱེད་བརྒྱ་ཆ་༨ ཐོག་ལུ་ སྐྱིན་འགྲུལ་དངུལ་ཀྲམ་༦༠༠,༠༠༠ དང་༧༠༠,༠༠༠ གི་བར་ན་ ལེན་ཡོད་མི་ལུ་ ཟླ་རིམ་བཞིན་དུ་ སྐྱིན་ཚབ་སྐྱེད་དང་སྦྲགས་ དངུལ་ཀྲམ་༡༤,༠༠༠ ལྷགཔ་རེ་ དངུལ་ཁང་ནང་ བཏབ་དགོཔ་ཨིན་པས།
ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཡར་སེང་དེ་ཡང་ དངུལ་འབྲེལ་ལས་སྡེ་ཅིག་གིས་ དེ་བཟུམ་མའི་ ཐབས་ཤེས་བཏོན་དགོ་པའི་ བསམ་འཆར་སླབ་མི་ལུ་བརྟེན་ཨིན་པས།
དུས་ཡུན་ཡར་སེང་གི་ མཐུན་རྐྱེན་དེ་ཡང་ ལྷན་ཁག་གིས་ བློན་ཆེན་ལུ་ སྙན་ཞུ་ཕུལ་ཐོག་ལས་ གནང་བ་གྲུབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *