བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གཙོ་རིམ་བལྟ་མི་ སྡེ་ཚན་ལུ་ གཙོ་རིམ་ལས་རིམ་གྱི་འོག་ལུ་ འཐུང་ཆུ་བཀྲམ་སྤེལ་དང་གཅིག་ཁར་ ཞིང་ཆུའི་ལས་རིམ་ཚུ་ཡང་ བཙུགས་དགོཔ་སྦེ་ གསུངས་པའི་བསྒང་།

གཞུང་གིས་ ཆུའི་གཙོ་རིམ་ནང་ ཞིང་ཆུའི་ལས་སྣ་ཚུ་བཙུགས་ནི།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཆུའི་གཙོ་རིམ་ནང་ཚུད་མི་ རྩིས་ལོ་༢༠༡༩-༢༠ གི་ འཆར་གཞི་ལས་སྣ་ཚུ་ ལོག་ལཱ་འབད་དགོཔ་སྦེ་ བཀའ་གནང་སྟེ་ ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༢ ལུ་ གཙོ་རིམ་ལས་རིམ་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ བློན་ཆེན་གྱིས་ གཙོ་རིམ་བལྟ་མི་ སྡེ་ཚན་ལུ་ གཙོ་རིམ་ལས་རིམ་གྱི་འོག་ལུ་ འཐུང་ཆུ་བཀྲམ་སྤེལ་དང་གཅིག་ཁར་ ཞིང་ཆུའི་ལས་རིམ་ཚུ་ཡང་ བཙུགས་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།
ཆུའི་གཙོ་རིམ་གྱི་ ལས་སྣ་ཚུ་ཡང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་གིས་ འགོ་འདྲེན་ཐོག་ལས་ ཞབས་ཏོག་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ གསོ་བ་དང་ སོ་ནམ་ལྷན་ཁག་གིས་ ལག་ལེན་འཐབ་ནི་ཨིན་པས།
ལས་རིམ་གྱི་ ཆ་ཤས་མང་ཤོས་ཅིག་ རྩིས་ལོ་༢༠༡༩-༢༠ གི་ ཆུའི་གཙོ་རིམ་ནང་ བཙུགས་ཏེ་ཡོད་པའི་ཁར་ ཆུ་ལུ་གཙོ་རིམ་བཟུང་མི་ འབྲེལ་ཡོད་ལས་སྡེ་ཚུ་གི་ ལོ་བསྟར་ལས་འབྲེལ་ཆིངས་ཡིག་ནང་ཡང་ མཉམ་སྡེབ་འབད་དེ་ ཡོདཔ་ཨིན་པས།
ལས་རིམ་དེ་གི་འོག་ལུ་ རྫོང་ཁག་༡༡ དང་ ཁྲོམ་སྡེ་༤ ངོས་འཛིན་འབད་དེ་ཡོདཔ་ད་ ཚབས་ཆེན་གྱི་ ཆུ་རྐ་ཉམས་སྲུང་འབད་ནི་དང་ གནམ་གཤིས་གནས་སྟངས་ལས་ སྔོན་འགོག་འབད་ནི་ ཆུའི་སྤུས་ཚད་ཡར་དྲག་བཏང་ཐོག་ལས་ ཆུ་ལག་ལེན་དེ་ དུས་ཡུན་ཆུ་ཚོད་༢༤/༧ གི་རིང་ ཉེན་སྲུང་དང་ལྡནམ་སྦེ་ བཀྲམ་སྤེལ་འབད་ནི་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ལས་རིམ་དབྱེ་ཁག་དང་པ་དེ་ ཆུ་ཁ་དང་ དར་དཀར་ནང་ མོང་སྒར་ སྤ་རོ་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ བསམ་རྩེ་ བཀྲིས་སྒང་ ཀྲོང་གསར་ དབང་འདུས་ཕོ་བྲང་ གཞལམ་སྒང་ དེ་ལས་ ཁྲོམ་སྡེ་ཚུ་ནང་ འབད་བ་ཅིན་ དགེ་ལེགས་ཕུག་དང་ ཐིམ་ཕུག་ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་གླིང་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་པས།
ས་གོ་ཚུ་ཡང་ ཁྱིམ་གུང་གྱངས་ཁ་དང་ ཉིནམ་རེ་ལུ་ དུས་ཡུན་ཆུ་ཚོད་རེ་ལུ་ འཐུང་ཆུང་བཀྲམ་སྤེལ་ལུ་ གཞི་བཞག་ཐོག་ལས་ ངོས་འཛིན་འབད་ཡོདཔ་ཨིན་རུང་ བློན་ཆེན་གྱིས་འབད་བ་ཅིན་ སྡེ་ཚན་དེ་གིས་ འཐུང་ཆུ་བཀྲམ་སྤེལ་ལུ་ གཞི་བཞག་སྟེ་ གསལ་ཞུ་འབདཝ་ཨིན་མས་ཟེར་ཨིན་པས།

བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ ཡར་ཕུག་ལུ་ འཐུང་ཆུའི་དཀའ་ངལ་ལུ་བརྟེན་ དུས་ཨ་རྟག་ར་ ཆུ་ཏོག་ནང་ བསགས་སྡོད་མི་ ཆུ་བཟེད་དགོཔ་ བྱུང་དོ་ཡོདཔ་ད་ ཨམ་སྲུ་དེ་གིས་ ཆུ་ཏོག་ནང་ ཆུ་ཡོད་མེད་བལྟ་བའི་བསྒང་།
བློན་ཆེན་གྱིས་ འཐུང་ཆུ་དང་ ཞིང་ཆུ་བཀྲམ་སྤེལ་ཚུ་ མཐུད་སྦྲེལ་མ་འབད་བས་ཟེར་ གསུངས་པའི་ཁར་ ཞིང་ཆུ་བཀྲམ་སྤེལ་དེ་ ད་ལྟོ་ཡོད་མི་ ལམ་ལུགས་དང་འཁྲིལ་ཏེ་ཡོད་རུང་ དེ་གཉིས་ མཉམ་སྡེབ་འབད་ནི་གི་ འོས་འབབ་ཚུ་ བལྟ་དགོཔ་འདུག་ཟེར་ གསུངསམ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ཞིང་ཆུ་ཚུ་ གལ་གནད་ཅན་ཅིག་ཨིན་རུང་ ས་གོ་མང་ཤོས་ཅིག་ནང་ ཞིང་ཆུ་དང་ འཐུང་ཆུ་ཚུ་ རྐ་གཅིག་གུ་ལས་ ལག་ལེན་འཐབ་སྟེ་འདུག་ཟེར་ཨིན་པས།
གཙོ་རིམ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཞིང་ཆུའི་ལས་སྣ་ཚུ་ཡང་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་རྒྱ་ཐོབ་པའི་ ཤུལ་ལས་རྐྱངམ་གཅིག་ བཙུགས་ཅི་ཟེར་ཨིནམ་ད་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་རིམ་གྱི་དོན་ལུ་ མ་དངུལ་ཐེར་འབུམ་༣ བགོ་བཀྲམ་འབད་དེ་ཡོད་མི་གིས་ མི་ལང་ནི་བཟུམ་འདུག་ཟེར་ཨིན་པས།
འཐུང་ཆུ་དང་ ཞིང་ཆུ་བཀྲམ་སྤེལ་གྱི་ ལག་ལེན་འཐབ་མི་ ལས་སྡེ་ཚུ་ཡང་ མ་འདྲཝ་ཡོདཔ་ད་ བློན་ཆེན་གྱིས་འབད་བ་ཅིན་ ལས་སྣའི་དུས་ཡུན་དང་པའི་སྐབས་ ཞིབ་འཚོལ་གྱི་ ལས་སྣ་ཚུ་ བཙུགས་དགོ་པའི་ཁར་ ཡུན་བརྟན་ལས་རིམ་གྱི་དོན་ལུ་ མ་རྩ་བཙུགས་དགོ་ཟེར་ཨིན་པས།
ཆུའི་དཀའ་ངལ་སེལ་ཐབས་ལུ་ རྒྱལ་ཁབ་ནང་ ཆུ་རྐ་ག་ར་ ས་ཁྲ་དང་ ཁྱད་རིག་ཅན་གྱི་ ཐབས་ལམ་ཚུ་ བཏོན་དགོཔ་བཞིན་དུ་ ཆུའི་གཙོ་རིམ་ཚུ་ གཙུག་སྡེ་སོ་སོ་ཅིག་གིས་ ལག་ལེན་འཐབ་ནི་ཨིན་པས།
ཆུའི་གནད་དོན་ལུ་ ཨུ་ཚུགས་བསྐྱེད་ཐོག་ལས་ མི་སྟོབས་ཀྱི་ མཁས་མཆོག་དང་ ཆུའི་འགོ་དཔོན་ཚུ་ བགོ་བཀྲམ་འབད་དགོ་ཟེར་ཨིནམ་ད་ ད་རེས་ནངས་པར་ བློན་ཆེན་གྱིས་ ལས་སྡེ་ཚུ་དང་ཕྱད་དེ་ དམིགས་ཡུལ་ཚུ་ བསྐྱར་ཞིབ་འབད་དོ་ ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༢ ལུ་ བློན་ཆེན་གྱིས་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ཕྱད་ཐོག་ལས་ ལྟ་བཤལ་གོང་འཕེལ་གཙོ་རིམ་ལས་སྣ་སྐོར་ལས་ གསུང་གྲོས་གནང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཆིངས་ཡིག་གི་ ཆ་ཤས་ཚུ་ ངོས་ལེན་འབད་དགོཔ་དེ་ ཁག་ཆེ་མི་དེ་ཡང་ དེ་གིས་ གཞུང་དང་ ལས་སྡེ་ག་ར་གིས་ རྩིས་ལོ་མཇུག་བསྡུ་བའི་སྐབས་ གྲུབ་འབྲས་དང་ མ་འོངས་ཀྱི་ ལས་རིམ་ཚུ་ དྭངས་གསལ་འགྱོ་འོང་ཟེར་ཨིན་པས།
དེ་མ་ཚད་ ལས་སྡེ་ཚུ་གིས་ འགན་འཁྲི་དང་ འགན་ཁུར་ཚུ་ ཤེས་རྟོགས་བྱུང་སྟེ་ གན་ཡིག་དེ་གི་ དམིགས་གཏད་ཚུ་ ངེས་བརྟན་བཟོ་ཚུགས་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *