གཞུང་གིས་ ཆང་ལུ་ཤུགས་ཐལ་མི་ཚུ་གི་ ཞབས་ཏོག་ལུ་ གཙོ་རིམ་བཟུང་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སྤྱི་ལོ་༢༠༡༥ ལས་༢༠༢༠ གི་ཆང་དང་འབྲེལ་བའི་ ཐབས་བྱུས་འཆར་གཞི་བཟོ་མིའི་ནང་ དམིགས་ཡུལ་ཁག་༤ བསྐྱེད་ཡོད་རུང་ ལག་ལེན་རྩ་ལས་ འཐབ་མ་ཚུགས་པར་ འཐུས་ཤོར་བྱུང་ནུག་ཟེར་ཞུ་ཡི།

དེ་མ་ཚད་ དམིགས་ཡུལ་ཚུ་ ཡོངས་རྫོགས་མེདཔ་ལས་ འཐུས་ཤོར་བྱུང་ཡོད་མི་དེ་ ད་ལས་ཕར་ གཞུང་གིས་ མི་སྡེའི་མཁོ་འདོད་དང་ བཀྲམ་སྤེལ་གཉིས་ཆ་ར་ལུ་བལྟ་སྟེ་ ཆང་དང་འབྲེལ་བའི་ དཀའ་ངལ་ཡོད་མི་ཚུ་ སེལ་ ཐབས་འབད་འོང་ཟེར་ གསོ་བ་བློན་པོ་གིས་ ཞུ་བའི་ཁར་ གཞུང་གིས་ ཆང་གི་ཆོག་ཐམ་ ལོག་བྱིན་ནི་ འགོ་བཙུགས་མི་དེ་གིས་ ཆང་དང་འབྲེལ་བའི་ དཀའ་ངལ་ཚུ་ ཡར་སེང་མི་འགྱོ་ཟེར་ཞུ་ཡི།

དེ་ཡང་ ཚོགས་སྡེའི་འཐུས་མི་ཚུ་གིས་ དྲི་བ་ཞུ་མིའི་ལན་ལུ་ གསོ་བ་བློན་པོ་གིས་ དོགས་སེལ་ཞུ་ཡི།

རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་འཐུས་མི་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་གིས་ ཞུ་མིའི་ནང་ སྤྱི་ཟླ་༦ པ་ལས་ བསྟན་རྒྱས་ལྷན་ཁག་གིས་ སྣ་ཚོགས་ཚོང་ཁང་ཚུ་གིས་ཡང་ ཆང་བཙོང་ཆོགཔ་ བཟོ་བའི་ཁར་ ཧེ་མ་ལས་ ཆང་གི་ཆོག་ཐམ་འཆང་མི་༡༠,༤༤༤ ཡོད་མི་གུ་ ད་རུང་ མི་༣,༠༠༠ དེ་ཅིག་གིས་ ཆོག་ཐམ་ལེན་ནིའི་ ཞུ་ཡིག་བཙུགས་ཏེ་ཡོདཔ་བཞིན་དུ་ དེ་ཚུ་རྩིས་རྐྱབ་པ་ཅིན་ མི་༧༥ ལུ་ ཆང་ཁང་རེ་ ཁྱབ་ནི་མས་ཟེར་ཞུ་ཡི།

ཆང་དེ་ ག་ཏེ་ལས་ཡང་ ཐོབ་ཚུགསཔ་བཟོ་མི་ལུ་ གཞུང་གིས་ ལྷན་རྒྱས་གཞུང་ཚོགས་ནང་ བཙུགས་པའི་སྐབས་ དབྱེ་ཞིབ་ ཚུ་ ཚུལ་མཐུན་འབད་ཡི་ག་ཟེར་ དྲི་བཀོད་འབད་ཡི།

དེ་གི་ལན་ལུ་ གསོ་བ་བློན་པོ་གིས་ དུས་རབས་༢༡ པའི་ནང་ འགྲོ་བ་མིའི་དབང་ཆ་ལུ་ བཀག་ཆ་འབད་ནི་དེ་ འོས་འབབ་མེདཔ་ལས་ མི་མང་ལུ་ དབང་ཆ་སྤྲོད་དེ་ བཀག་ཐབས་འབད་ནིའི་ འཆར་གཞི་ཨིན་ཟེར་ཞུ་ཡི།

བློན་པོ་བདེ་ཆེན་དབང་མོ་གིས་འབད་བ་ཅིན་ ད་ལས་ཕར་ གཞུང་གིས་ མི་མང་ལུ་ ཆང་ལས་བརྟེན་ གོ་བརྡ་ཚུ་སྤྲོད་དེ་ ཧ་གོ་ བཅུག་ཐོག་ལས་ སྨན་བཅོས་དང་ཤི་རྐྱེན་ དེ་ལས་ མི་སྡེ་ནང་ སྟབས་མ་བདེཝ་ མར་ཕབ་འབད་ནི་དང་ མི་སྡེ་ལུ་ དཀའ་ ངལ་སེལ་ཐབས་དང་འབྲེལ་བའི་ ཞབས་ཏོག་ཚུ་ལུ་ གཙོ་རིམ་བཟུང་སྟེ་ གདོང་ལེན་འབད་ནི་ཨིན་ཟེར་ཨིན་པས།

འདས་པའི་འཆར་གཞི་ཚུ་ནང་ ཆང་གི་ཆོག་ཐམ་ བཀག་ཆ་འབད་མི་དེ་གིས་ ཆང་འཐུང་མི་དང་ བཙོང་མིའི་གྱངས་ཁ་ མར་ འབབ་མ་འགྱོ་བའི་ཁར་ ཆང་ལུ་ལང་ཤོར་ཐལ་མིའི་ གྱངས་ཁ་དེ་ ཡར་སེང་སོང་སྟེ་མེད་རུང་ ཧེ་མ་ལས་ ལང་ཤོར་ཐལ་ མི་ཚུ་གི་དོན་ལུ་ སྨན་བཅོས་དང་ ཞབས་ཏོག་ཚུ་ མ་ཐོབ་མི་ལུ་བརྟེན་ ལོག་འཐུང་སྟེ་ སྡོད་མི་འདུག་ཟེར་ གསོ་བ་བློན་ པོ་གིས་ཞུ་ཡི།

སྨན་བཅོས་ཀྱི་ཞབས་ཏོག།

ད་རེས་ཀྱི་ ཐབས་ལམ་དེ་གིས་ གསོ་བ་ལྷན་ཁག་གི་ཧོངས་ལས་ ཆང་ལུ་ ལང་ཤོར་ཐལ་མི་ཚུ་ལུ་ ལེགས་ཤོམ་སྦེ་ སྨན་བཅོས་དང་ རྗེས་དཔྱད་འབད་དེ་ བདག་འཛིན་ལེགས་ཤོམ་འབད་ནིའི་ གོ་སྐབས་ཅིག་ཡང་ཨིན་མས་ཟེར་ བློན་པོ་གིས་ བསྐྱར་ཞིབ་ཚོགས་ཁང་ནང་ ཞུ་ཡོདཔ་ད་ ད་རེས་ཀྱི་ དུས་ཚོད་ནང་ མི་མང་ལུ་ཕན་པའི་ གདམ་ཁ་འབད་བཅུག་ནིའི་ ཐབས་ལམ་བལྟ་བ་ཅིན་ དེ་གིས་ཕན་ཟེར་ཞུ་ཡི། 

བློན་པོ་གིས་འབད་བ་ཅིན་ གཞུང་གིས་ མི་ཚེ་ཉམས་གསོ་ཁང་ཚུ་ ལེགས་བཅོས་འབད་ནི་དང་ གདོང་ལེན་དེ་གི་དོན་ལུ་ སྲིད་བྱུས་དང་གཅིག་ཁར་ ཞབས་ཏོག་དེ་ཡང་ དགོ་པས་ཟེར་ཨིནམ་ད་ ཆང་ལུ་ཤུགས་ཐལ་མི་ཚུ་ལུ་ མི་ཚེ་བསྐྱར་གསོའི་དོན་ལུ་ སྨན་བཅོས་འབད་དེ་ ལྕོགས་གྲུབ་ཅན་གྱི་ མི་ངོམ་བཟོ་ནི་ལུ་ ཤུགས་བཏོན་ནི་དང་ སེམས་ཁམས་ཀྱི་ ནད་གཞི་ཐོབ་མི་ཚུ་ཡོད་རུང་ ཧེ་མ་ར་ ཞབས་ཏོག་དེ་ བྱིན་དགོ་ཟེར་ཞུ་ཡི། 

སྲིད་བྱུས་བསྒྱུར་བཅོས་འབད་མི་དང་འབྲེལ་བའི་ དྲི་བ་བཀོད་མི་ལུ་ གསོ་བ་བློན་པོ་གིས་འབད་བ་ཅིན་ ལྷན་ཁག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ སྲིད་བྱུས་ལམ་སྟོན་དང་ སྒྲིག་གཞི་དང་འཁྲིལ་ཏེ་ འབྲེལ་ཡོད་ལས་སྡེ་དང་ ཡིག་ཚང་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་འབད་ཡི་ཟེར་ཨིན་པས།

ཆུ་ཁའི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་ མི་མང་ལུ་ དབང་ཆ་བྱིན་ནི་ཟེར་སླབ་ད་ ཆང་ལས་བརྟེན་ མི་སྡེ་ནང་ བྱ་སྟབས་མ་ བདེཝ་དང་ ནང་འཁོད་རྩུབ་སྤྱོད་ དེ་ལས་ སྣུམ་འཁོར་ཐུག་རྐྱེན་དང་ རང་སྲོད་བཅད་མི་ག་ར་ དེ་ལས་བརྟེན་ བྱུང་དོ་ ཡོདཔ་ལས་ ཚང་གྱང་ལངམ་མས་ཟེར་ཞུ་ཡི།

འཐུས་མི་གིས་འབད་བ་ཅིན་ ཆང་ལས་བརྟེན་པའི་ ཁྲལ་བསྡུ་མི་དེ་ དངུལ་ཀྲམ་ཐེར་འབུམ་༡ དེ་ཅིག་ཨིན་རུང་ ཆང་དང་འབྲེལ་བའི་ སྨན་བཅོས་དང་ ཞབས་ཏོག་ལ་སོགས་པའི་ཟད་འགྲོ་ཚུ་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༢༦ དང་ སྤྱི་ལོ་༢༠༡༦ ལུ་ ད་རུང་ དངུལ་ཀྲམ་ས་ཡ་༢༧ དེ་ཅིག་ བཏང་ནུག་ཟེར་ཞུ་ཨིན་པས།

མི་མང་ལུ་ ཆང་དང་འབྲེལ་བའི་ གདམ་ཁ་སྤྲོད་ནི་ཨིན་པ་ཅིན་ ཤེས་ཡོན་གྱི་ཁྱབ་ཚད་དེ་ཡང་ བརྒྱ་ཆ་ལས་༡༠༠ ར་ བཟོ་དགོཔ་ཨིན་རུང་ ད་རེས་ཀྱི་ གནས་སྟངས་ནང་ གྲོང་གསེབ་ནང་ ཤེས་ཡོན་གྱི་ གནས་ཚད་དེ་ བརྒྱ་ཆ་༥༨.༣ དེ་ཅིག་ལས་ མིན་འདུག་ཟེར་ འཐུས་མི་སངས་རྒྱས་རྡོ་རྗེ་གིས་ཞུ་ཡི།

རྒྱལ་ཡོངས་ཚོགས་སྡེ་གིས་ འདས་པའི་ཚོགས་ཐེངས་ནང་ ཆང་དང་འབྲེལ་བའི་ གྲོས་འདེབས་ཁག་༡༣ བཙུགས་མི་ལུ་ གཞུང་གིས་ཡང་ ངོས་ལེན་འབད་དེ་ཡོད་རུང་ ད་རེས་འབདཝ་ད་ དེ་ཚུ་ག་ར་ དོན་མེད་བཟུམ་ཅིག་ཨིན་མས་ཟེར་ ཁོ་གིས་ དྲན་གསོ་དང་འདྲཝ་སྦེ་ཞུ་ཡི།

གསོ་བ་བློན་པོ་གིས་འབད་བ་ཅིན་ ཆང་བ་ལྷགཔ་ རྡོག་མ་པ་ནེ་དེ་ ནད་གཞི་ཀེན་སར་འཐོབ་ནིའི་ ཉེན་ཁ་ལོག་ལྟབ་ཡོད་རུང་ འབྲུག་མི་ཚུ་གིས་ བཟའ་སྤྱོད་འབད་དེ་ར་ ཡོད་པའི་ཁར་ རྡོག་མ་དེ་ ས་ཁོངས་ག་ཏེ་ལས་ཡང་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་ཟེར་ཨིན་པས།

མི་སྡེ་ནང་ སྡོད་མི་ཚུ་གིས་ ཆང་དང་འབྲེལ་བའི་ གོ་བརྡའི་དོན་ལུ་ ད་རེས་ནངས་པར་ ཝི་ཅཱཌ་ཚུ་ཡོདཔ་ལས་ ཤེས་ཡོན་སྤྲོད་དགོཔ་མིན་འདུག་ཟེར་ བློན་པོ་གིས་ ཞུ་བའི་ཁར་ པདྨ་ལྟེ་བ་གིས་ཡང་ གནད་དོན་དེ་དང་འབྲེལ་བའི་ ཞབས་ཏོག་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིནམ་མ་ཚད་ ལས་སྣ་ལ་ལོ་ འགོ་བཙུགས་ཏེ་ཡོད་ཟེར་ཞུ་ཡི།

སྤུ་ན་ཁའི་འཐུས་མི་ ལྷ་སྐྱིད་སྒྲོལ་མ་གིས་འབད་བ་ཅིན་ པདྨ་ལྟེ་བ་གིས་ ཞབས་ཏོག་ཚུ་ འགོ་མ་བཙུགས་པའི་ཧེ་མར་ དེ་འཕྲོ་ལས་ འབད་དགོ་པའི་ ཞབས་ཏོག་ག་ཅི་ར་ བྱིན་དོ་ཟེར་ ཞུ་མི་ལུ་ བློན་པོ་བདེ་ཆེན་དབང་མོ་གིས་ དཔེར་ན་ རང་སྲོག་གཅད་ནིའི་ དཔའ་བཅམ་མི་བཟུམ་མའི་ གནད་དོན་ཐོན་པ་ཅིན་ བཟའ་ཚང་དང་ ཉམས་རྒུདཔ་ལུ་ བསླབ་སྟོན་ཚུ་ བྱིན་ནི་ཡོད་ཟེར་ཞུ་ཡི།

དེ་བཟུམ་སྦེ་ ཨ་ལོ་ཚུ་གི་ སེམས་ཁམས་ཀྱི་ གནས་སྟངས་ཚུ་ དབྱེ་ཞིབ་འབད་ནིའི་དོན་ལུ་ཡང་ གནམ་བྱཱར་གྱི་ ངལ་གསོ་ བཏང་སྟེ་ ལོག་སློབ་གྲྭ་ནང་འོངམ་ད་ སློབ་ཕྲུག་ག་ར་ལུ་ དབྱེ་ཞིབ་འབད་དེ་ དཀའ་ངལ་ཡོད་མི་ཚུ་ལུ་ ཞབས་ཏོག་ཚུ་བྱིན་ ནི་ འགོ་བཙུགས་འོང་ཟེར་ བློན་པོ་གིས་ཞུ་ཡི།

དུས་ཅིའི་ལོ་ནང་ བློན་པོའི་གནས་ཚད་ཀྱི་ རྒྱལ་སྤྱིའི་གྲོས་འཛོམས་ཡང་ འབྲུག་ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་གི་སྐབས་ལུ་ སེམས་ཁམས་དང་འབྲེལ་བའི་ གནད་དོན་དེ་ གཙོ་རིམ་སྦེ་ གྲོས་བསྟུན་འབད་ནི་ཨིནམ་ལས་ ཁེ་ཕན་ཚུ་ འབྲུག་གཞུང་གིས་ འཐོབ་ཚུགས་ནི་དང་ མ་དངུལ་གྱི་གྲོགས་རམ་ཚུ་ཡང་ འཐོབ་འོང་ཟེར་ གསོ་བ་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *