གཞུང་གིས་ གཞལམ་སྒང་གི་ ལྟ་བཤལ་གཙོ་རིམ་གྱི་གྲོས་ཆོད་ བསྒྱུར་བཅོས་མི་འབད་ནི།

༉ གཞལམ་སྒང་གི་ རྩོད་རྙོགས་སྐོར་ལས་ གཞུང་དང་ ལྡོག་ཕྱོགས་ཚོགས་པ་གིས་ རང་སོའི་བདེན་ཁུངས་ཚུ་ལུ་ རྒྱབ་སྲུང་འབད་ཐོག་ལས་ སྡོད་ཡོདཔ་བཞིན་དུ་ གཞུང་གིས་ ལྟ་བཤལ་གཙོ་རིམ་ལས་རིམ་དེ་ གཞལམ་སྒང་ལས་ གསར་སྤང་ལུ་ སོར་བསྒྱུར་འབད་མི་གུ་ར་ གནས་ནི་བཟུམ་ཡོདཔ་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ རྩོད་དོན་དེ་ སེལ་ཐབས་འབད་དགོ་པ་ཅིན་ གཞུང་གི་གྲོས་ཆོད་ ཆ་མེད་གཏང་དགོ་ཟེར་ཨིནམ་ད་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ལྟ་བཤལ་གྱི་ དམིགས་བསལ་ལས་རིམ་ཚུ་ གཞལམ་སྒང་ལས་ གསར་སྤང་ལུ་ སྤོ་སོར་འབད་མི་དེ་ བསྒྱུར་བཅོས་འབད་ཐབས་མེདཔ་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ཨིན་པས།
སྤྱི་ཚོགས་ཀྱི་ཕྱི་ཁར་ ལྡོག་ཕྱོགས་དང་ གཞུང་གི་བར་ན་ གྲོས་བསྟུན་མ་འབད་མི་ལུ་བརྟེན་ བརྡ་བརྒྱུད་ནང་ གྲོས་བསྟུན་འབད་ནི་གི་ གཞི་གནད་ཅིག་ལུ་ འབྱུང་སྲིད་ནི་ཨིན་མི་དེ་ འབྲུག་གི་དམངས་གཙོའི་རིང་ལུགས་ནང་ སྲོལ་མེདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ཁྲི་འཛིན་ ཕྱི་འབྲེལ་བློན་པོ་གིས་ བཤད་མིའི་ནང་ དུས་ཚོད་དེམ་ཅིག་ནང་ ལྡོག་ཕྱོགས་ཚོགས་པ་དང་གཅིག་ཁར་ སྡོད་ཞིནམ་ལས་ གྲོས་བསྟུན་འབད་ནི་སྦེ་ སླབ་ཡོད་རུང་ ལྡོག་ཕྱོགས་ཀྱིས་ འོང་མི་བཏུབ་པས་ཟེར་ཨིན་པས།
ཀུན་གསལ་གྱིས་ ལྡོག་ཕྱོགས་ལུ་ གནད་དོན་དེ་གི་སྐོར་ལས་ གཞུང་དང་གྲོས་བསྟུན་འབད་ནི་གི་ དང་འདོད་ཡོད་མེད་སྐོར་ དྲི་བའི་སྐབས་ ཚོགས་པའི་མགྲིན་ཚབ་ འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ག་ནི་ཡང་ སླབ་མ་བཏུབ།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ ཚབས་ཆེན་ཅིག་ཨིན་མི་དེ་ཡང་ གཞུང་གིས་ སྤྱི་ཚོགས་ཀྱི་གྲོས་ཆོད་ལུ་ མ་གུས་པར་ ཁྲིམས་ལས་འགལ་བའི་ གྲོས་ཆོད་སོ་སོར་ བཏོན་ནི་དེ་གིས་ཨིན་ཟེར་ཨིན་པས།
བློན་པོ་ཊོག་ཊར་རྟ་མགྲིན་རྡོ་རྗེ་གིས་ རྩོད་དོན་དེ་གི་སྐོར་ལས་ གྲོས་བསྟུན་འབད་བར་ ལྡོག་ཕྱོགས་ཀྱི་ འཐུས་མི་ཚུ་ འོང་དགོ་ཟེར་ཨིནམ་ད་ ལྡོག་ཕྱོགས་ཀྱིས་ ཚོགས་དཔོན་ལུ་ ཡི་གུ་མ་བྲིས་བའི་ཧེ་མར་ ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ གཞུང་གི་གྲོས་ཆོད་དང་ གཞལམ་སྒང་གི་ འཆར་གཞི་སྐོར་ལས་ བཤད་བྱིན་ཡི་ཟེར་ཨིན་པས།
ཨིན་རུང་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ ཕྱི་འབྲེལ་བློན་པོ་གིས་ དོགས་སེལ་ཕུལ་མི་དེ་ ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ ཡིད་ཆེས་འདྲོངས་མ་ཚུགས་པས་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱིས་ ཚོགས་དཔོན་ལུ་ ཡི་གུ་བཏང་མི་དང་འཁྲིལཝ་ད་ ཁྲིམས་དང་ འཆར་དངུལ་བྱ་རིམ་ནང་ གནོད་ཉེན་སྐོར་ལས་ སླབ་སྟེ་འབད་རུང་ གཞུང་གིས་ དོན་ཆེན་སྦེ་ར་ ཐག་བཅད་ནུག་ཟེར་ཨིན་པས།
གལ་སྲིད་ གཞུང་གིས་ གྲོས་འཆར་བཙུགས་མི་ ལས་རིམ་དེ་ ལག་ལེན་འཐབ་པ་ཅིན་ ལྷོ་ཕྱོགས་རྫོང་ཁག་ནང་ ལྟ་བཤལ་ལས་རིམ་ ལག་ལེན་འཐབ་མི་ འགོ་དང་པ་འོང་ནི་ཨིནམ་ད་ གཞུང་གིས་འབད་བ་ཅིན་ ཐུགས་ཐག་བཅད་མི་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ དགེ་ལེགས་ཕུག་ལུ་ ལུང་ཕྱོགས་ཀྱི་ ལྟ་བཤལ་འཛུལ་སྒོ་ཕྱེ་ནི་གི་ ཐག་བཅད་མི་དང་འཁྲིལ་ཏེ་ཨིན་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱིས་འབད་བ་ཅིན་ ལྟ་བཤལ་གོང་འཕེལ་ལས་རིམ་ གསར་སྤང་ལུ་ སོར་བསྒྱུར་འབད་མི་དེ་ སྲིད་དོན་གྱི་ ཁེ་ཕན་ལུ་བལྟ་སྟེ་ འབད་ཡོད་པའི་ དོགས་པ་ཡོདཔ་ད་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ གཞུང་གིས་ ཐག་བཅད་མི་དེ་ ཧེ་མར་ ལྡོག་ཕྱོགས་ལུ་ སླབ་མི་དང་ འགལ་བ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་གྱི་ཚབ་སྦེ་ ལས་རིམ་སོ་སོར་ འགོ་འདྲེན་འཐབ་ནི་སྦེ་ སླབ་མི་དེ་ཡང་ དོན་མེད་སྦེ་ ཡར་སོ་ཡི་ཟེར་ཨིན་པས།
ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ བཤད་མིའི་ནང་ དྲུང་ཆེན་ཡིག་ཚང་དང་ ཁྲིམས་དོན་འགོ་དཔོན་གྱིས་ ལྡོག་ཕྱོགས་ཀྱི་ ཡི་གུ་དེ་ ད་ལྟོ་ བསྐྱར་ཞིབ་མ་འབད་ཟེར་ཨི་ནཔས།
ཁྲིམས་ཀྱི་ཐད་ལུ་ ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ ད་ལྟོ་ གཞུང་གིས་ ལས་རིམ་དེ་ བསྟར་སྤྱོད་འབད་ནི་ འགོ་མ་བཙུགསཔ་ལས་ དྲི་བཀོདཔ་གངམ་ འབད་ནི་མི་འོང་ཟེར་ཨིནམ་ད་ འཆར་དངུལ་ཡོངས་བསྡོམས་ལས་ ལྷག་སྟེ་མ་འགྱོ་བ་ཅིན་ གཞུང་གིས་ དེ་བཟུམ་ཐག་བཅད་མི་དེ་ ཁྲིམས་འགལ་འགྱོ་ནི་བཟུམ་ མ་མཐོང་ཟེར་ བཤདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ རྒྱལ་ཡོངས་འཆར་དངུལ་སྙན་ཞུ་༢༠༡༩-༢༠ ཅན་མ་ ཆ་འཇོག་གྲུབ་མིའི་ནང་ གཞལམ་སྒང་དང་ ལྷུན་རྩེ་ དར་དཀར་ནང་ དེ་ལས་ མགར་ས་རྫོང་ཁག་ཚུ་ནང་ དམིགས་བསལ་གྱི་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་ དངུལ་ཀྲམ་ས་ཡ་༡༡ རེ་ བགོ་བཀྲམ་འབད་ནུག།
ཨིན་རུང་ འཆར་དངུལ་སྙན་ཞུ་དེ་ ཆ་འཇོག་གྲུབ་སྟེ་ ཉིན་གྲངས་༡༠ གྱི་རྒྱབ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ དྲུང་ཆེན་ལུ་ འབྲུག་གི་ལྟ་བཤལ་ཚོགས་སྡེ་གིས་ འཆར་གཞི་༡༢ པའི་ནང་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ གཞལམ་སྒང་རྫོང་ཁག་ཨིན་རུང་ དེ་གི་ཚབ་སྦེ་ གསར་སྦང་རྫོང་ཁག་བཙུགས་དགོ་པའི་ གྲོས་འཆར་དང་འཁྲིལ་ཏེ་ བློན་ཆེན་གྱིས་ བཀའ་གྲོལ་ཡོད་པའི་ ཡི་གུ་བཏང་ནུག།
རྒྱལ་ཡོངས་ཚོགས་སྡེ་གིས་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ གཞལམ་སྒང་དེ་ གཙོ་རིམ་ཅན་གྱི་ རྫོང་ཁག་སྦེ་ ངོས་འཛིན་འབད་བའི་ཤུལ་ལས་ གསར་སྤང་རྫོང་ཁག་ལུ་ སོར་བསྒྱུར་འབད་མི་དེ་ ཁྲིམས་དང་མ་མཐུན་པའི་ གྲོས་ཆོད་ཅིག་ཨིནམ་ལས རང་འཇགས་བཞག་དགོ་པའི་ བློན་ཆེན་ལུ་ ཡི་གུ་བཏང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *