༉ ནང་པའི་ཁ་ཐུག་ལས་འབད་བ་ཅིན་ གནས་སྐོར་འགྱོ་ནི་དེ་ རང་གི་རྒྱུད་ལུ་ཡོད་པའི་ ཉོན་མོངས་སྡིག་སྒྲིབ་ཚུ་དག་སྟེ་ ཚེ་ཕྱི་མ་ངན་སོང་གསུམ་གྱི་ སྐྱེ་སྒོ་བཀག་ནིའི་ ཐབས་ཤེས་བཟང་པོ་ཅིག་ཨིན་རུང་ དཔལ་འབྱོར་གྱི་ ཧོངས་ལས་འབད་བ་ཅིན་ རྒྱལ་ཁབ་ཀྱི་མ་དངུལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་དོ་ཡོདཔ་ཨིན་པས།
འབྲུག་གི་ འོང་འབབ་ཀྱི་ འབྱུང་ཁུངས་ངོ་མ་ ལྟ་བཤལ་ལས་སྡེ་དང་ ནང་ཁྲལ་ དེ་ལས་ ཕྱིའི་གྲོགས་རམ་ཚུ་ཨིནམ་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ གནས་སྐོར་འགྱོ་ནི་ལས་ དུམ་གྲ་ཅིག་ འཛེམ་དགོཔ་བཟུམ་ཅིག་ མཐོང་མི་དེ་ཡང་ ན་ཧིང་ ལོ་༡ གི་ནང་འཁོད་ལུ་ར་ འབྲུག་མི་གནས་སྐོར་འགྱོ་མི་ཚུ་གིས་ རུ་པི་ས་ཡ་༩༦༩.༨༥ ཟད་འགྲོ་བཏང་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱི་ རྒྱལ་ཁམས་ཀྱི་ སྙན་ཞུ་ཕུལ་མི་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༦ གི་ཟླཝ་༤ པ་ལས་ སྤྱི་ལོ་༢༠༡༧ གྱི་ཟླཝ་༥ པ་ཚུན་ འབྲུག་མི་༥༠,༡༢༧ གྱིས་ ཕྱི་ཁར་ གནས་སྐོར་འགྱོ་བའི་སྐབས་ གཞུང་གིས་ དངུལ་ཀྲམ་ཡ་ས་༩༦༩.༨༥ བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
དེ་ཡང་ གཞུང་གིས་ ཐོ་བཀོད་འབད་ཚུགས་མི་ རྐྱངམ་གཅིག་ཨིནམ་ད་ ཐོ་བཀོད་མ་འབད་བར་ འགྱོ་མི་ཚུ་ཡང་ རྩིས་རྐྱབ་པ་ཅིན་ ལོ་བསྟར་བཞིན་དུ་ འབྲུག་མི་འབུམ་ལས་བཅད་དེ་ ཕྱིའི་རྒྱལ་ཁབ་ནང་ གནས་སྐོར་འགྱོ་དོ་ཡོདཔ་ཨིན་པས།
གཞུང་གིས་ རུ་པི་བརྗེ་སོར་འབད་མི་ཚུ་ རྒྱལ་ཁབ་ཀྱི་ གསོག་འཇོག་མ་དངུལ་ནང་ལས་ བྱིན་དོ་ཡོདཔ་ད་ འབྲུག་མི་མངམ་ ཕྱི་ཁར་འགྱོ་བའི་སྐབས་ གསོག་འཇོག་མ་དངུལ་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཉེན་སྲུང་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ ཐོན་དོ་ཡོདཔ་ད་ དེ་ཡང་ ན་ཧིང་ ལོ་༡ ནང་ར་ འབྲུག་མི་གནས་སྐོརཔ་༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ ལ་ལོ་ཅིག་ སྣུམ་འཁོར་ཐུག་རྐྱེན་དང་ ལ་ལོ་ཅིག་ ན་མི་ལུ་བརྟེན་ཨིན་པས།
རྒྱ་གར་རྒྱལ་ཁབ་དེ་ འབྲུག་མི་ཚུ་གི་དོན་ལུ་ གནས་སྐོར་འགྱོ་སའི་ས་གནས་ ངོ་མ་ཅིག་ཨིནམ་ད་ དེ་ཡང་ འབྲུག་མི་མང་ཤོས་ཅིག་ རྒྱ་གར་རྡོ་རྗེ་གདན་དང་ ཝཱ་ར་ཎ་སི་ མཚོ་པདྨ་ལ་སོགས་པའི་ གནས་ཆེན་ཚུ་མཇལ་བར་ འགྱོ་དོ་ ཡོདཔ་ཨིན་པས།
རྒྱ་གར་རྡོ་རྗེ་གདན་དེ་ སངས་རྒྱས་བཅོམ་ལྡན་འདས་ ལོ་༦ དཀའ་བ་སྤྱད་པའི་ཤུལ་ལས་ མངོན་པར་རྫོགས་པ་ སངས་རྒྱས་ཏེ་ ཡུལ་ཝཱ་ར་ཎ་སི་ལུ་ ཆོས་ཀྱི་འཁོར་ལོ་བསྐོར་ དེ་ལས་ མཚོ་པདྨ་དེ་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་ མཚོ་ནང་ལས་ མེ་ཏོག་པདྨའི་སྦུབས་ལས་ རྫུས་སྐྱེས་སྦེ་ བྱོན་ནི་དེ་གིས་ གནས་ཚུ་ཁྱད་པར་ཅན་ཅིག་སྦེ་ ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་པས།
ནང་སྲིད་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་འབད་བ་ཅིན་ གནས་སྐོར་རྐྱབ་པ་ཅིན་ རྒྱལ་ཁབ་ནང་ཡང་ ཕྱིའི་རྒྱལ་ཁབ་བཟུམ་སྦེ་ གནས་རྩ་ཅན་ལེ་ཤ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལྷུན་རྩེ་སེངྒེ་རྫོང་དང་ མོང་སྒར་ཨ་བརྒྱ་གནས་ བཀྲིས་གཡང་རྩེ་ པདྨ་གླིང་དང་ སྒོམ་ཕུག་སྐོར་ར་ སྤ་རོ་སྟག་ཚང་ དེ་ལས་ བུམ་ཐང་ སྐུ་རྗེས་ལ་སོགས་པའི་ གནས་ཚུ་ཡོདཔ་ཨིན་པས།
ལམ་སྲོལ་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ མ་གཞི་རྒྱལ་ཁབ་ནང་ གནས་བྱིན་ཅན་ལེ་ཤ་ཡོད་རུང་ འབྲུག་མི་མང་ཤོས་ཅིག་གིས་ མ་ཤེས་མི་དེ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ གནས་ཀྱི་སྐོར་ལས་ མི་མང་ལུ་ གོ་བརྡ་ལེགས་ཤོམ་སྦེ་ མ་སྤྲོད་དགོ་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
གལ་སྲིད་ འབྲུག་མི་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ གནས་ཆེན་ཚུ་ མཇལ་ནི་ལུ་ སྤྲོ་བ་བསྐྱེད་པ་ཅིན་ གཞུང་གི་ གསོག་འཇོག་མ་དངུལ་ལུ་ ཐོ་མི་ཕོག་ནི་ཨིནམ་མ་ཚད་ ཉེན་སྲུང་གི་དཀའ་ངལ་ཡང་ མི་འཐོན་ནི་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།