གཞུང་གི་ཧོངས་ལས་ བདེན་ཁུངས་བཟང་མི་ལུ་ གཞི་ཁུངས་མེདཔ་སྦེ་ ཌི་ཨེན་ཊི་གིས་ཞུ་ཡོདཔ།

༉ གཞུང་གིས་ སྤྱི་ཚོགས་ཀྱི་ གནང་བ་མེད་པར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་བྱིན་མི་དེ་ ཁྲིམས་མཐུན་ཨིན་མིན་སྐོར་ ཆེ་མཐོ་ཁྲིམས་འདུན་ལུ་ དོན་འགྲེལ་གྱི་ བཀའ་རྒྱ་གནང་དགོཔ་སྦེ་ འབྲུག་མཉམ་རུབ་ཚོགས་པ་གིས་ བཤེར་ཡིག་ཕུལ་མི་དེ་ གཞི་ཁུངས་མེདཔ་ལས་ ཕྱིར་འབུད་གཏང་དགོཔ་སྦེ་ སྤྱི་ཟླ་༡༠ པའི་ཚེས་༢༥ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞུ་མི་དེ་ལུ་ ཚོགས་པའི་ཁ་ཐུག་ལས་ བདེན་ཁུངས་མེད་པའི་ གཞི་ཁུངས་ཨིནམ་སྦེ་ དགག་ལན་སྒྲིང་སྒྲི་སྦེ་ཞུ་ཡི།
དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱི་ ཡོངས་ཁྲི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་མཉམ་རུབ་ཚོགས་པའི་ བཤེར་ཡིག་དེ་ ཁྲིམས་ཀྱི་དབང་ཁྱབ་མེད་པའི་ཁར་ རྩོད་གཞི་བཤེར་འཕྲོ་ཡོད་མི་དང་ དངུལ་འབྲེལ་མཐུན་རྐྱེན་དེ་ ཁྲིམས་མཐུན་བཟོ་སྟེ་ སྤྱི་ཚོགས་ལས་ ཏི་རུ་གི་ དཔྱད་ཡིག་སྦེ་ ཆ་འཇོག་གྲུབ་ཡོད་པའི་ གནད་དོན་ཁག་གསུམ་ལུ་ གཞི་བཞག་ཐོག་ལས་ ཕྱིར་འབུད་གནང་དགོ་པའི་ ཞུ་བ་ཕུལ་ཚར་བའི་ཤུལ་ལས་ དྲང་དཔོན་ལྷན་རྒྱས་ཀྱིས་ རྩོད་རྩ་ལུ་ ངག་ཐོག་གི་ བརྒལ་ལན་ཕུལ་ནི་གི་ གོ་སྐབས་གནངམ་ད་ གཞུང་གི་ཁ་ཐུག་ལས་ བདེན་ཁུངས་ཟང་མི་ཚུ་ མི་བདེན་ཟེར་ ཚོགས་པའི་ངོ་ཚབ་ཀྱིས་ ཞུ་བ་ཕུལ་ཡི།
འབྲུག་མཉམ་རུབ་ཚོགས་པའི་ངོ་ཚབ་ ཡེ་ཤེས་དབང་འདུས་ཀྱིས་ ཞུ་མིའི་ནང་ གཞུང་གིས་ སྤྱི་ཚོགས་ཀྱི་ གནང་བ་མེད་པར་ ཚོང་སྡེ་ཚུ་ལུ་ དངུལ་འབྲེལ་མཐུན་རྐྱེན་གནང་མི་དེ་ རྩ་ཁྲིམས་ཀྱི་ དགོངས་དོན་ལས་འགལ་ཡོདཔ་ ངེས་བདེན་ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བརྒལ་ལན་ཕུལ་མི་ལུ་ གཞི་ཁུངས་སྒྲིང་སྒྲི་མེད་པའི་ཁར་ འཛོལ་བ་བཟོ་མི་དེ་ བཅོ་ཁ་རྐྱབ་ནི་གི་ དཔའ་བཅམ་མས་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ གནད་དོན་དེ་ འབྲུག་མངའ་བདག་རྒྱལཔོ་མཆོག་ལུ་ དགོངས་གྲོལ་གྱི་དོན་ལུ་ ཕུལ་ཡོདཔ་ལས་ བཤེར་ཡིག་ཕུལ་མི་དེ་ བཤེར་འཕྲོ་སྦེ་ ཆ་འཇོག་འབད་དགོ་ཟེར་ ཞུ་མི་ལུ་ ཚོགས་པའི་ངོ་ཚབ་ཀྱིས་འབད་བ་ཅིན་ འདི་བཟུམ་ཞུ་བ་ཕུལ་མི་དེ་གིས་ གོ་བ་བརྡ་ལོག་སྤྲོད་ནིའི་ ཉེན་ཁ་སྦོམ་ཡོད་མི་དེ་ཡང་ གཞུང་གིས་ དེ་བཟུམ་གྲོས་འདེབས་ཕུལ་ནི་གི་ བཅའ་ཁྲིམས་དང་ དཔྱད་ཡིག་ སྒྲིག་གཞི་ག་ཅི་ནང་ཡང་ དབང་ཆ་སྤྲོད་དེ་མེད་ཟེར་ཨིན་པས།
ཞུ་བ་ཕུལ་མི་དེ་གིས་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༡ པའི་རྩ་དོན་༨ པའི་དགོངས་དོན་དེ་ ཕྱི་འགྱུར་སྦེ་ དོན་འགྲེལ་འབད་ནིའི་ ཉེན་ཁ་འདུག་ཟེར་ ཚོགས་པའི་ངོ་ཚབ་ཀྱིས་ཞུ་ཡི།
རྩ་ཁྲིམས་ཆེན་མོའི་ རྩ་ཚན་དེ་ནང་ ཁྲིམས་ ཡང་ན་ དོན་ཁུངས་ཀྱི་ དོགས་གཞི་ཅིག་གི་ གནས་ལུགས་དང་ དེ་བཟུམ་སྤྱི་གལ་ཆེ་བའི་སྐོར་ མངོན་མཐོ་ཁྲིམས་འདུན་ལས་ ཕན་རླབས་ཆེ་བའི་ བསམ་འཆར་བཞེས་དགོཔ་ཐོན་ཚེ་ འབྲུག་རྒྱལ་པོ་མཆོག་གིས་ དེ་ལུགས་ཀྱི་ དོགས་གཞི་གཟིགས་ཞིབ་དོན་ལུ་ མངོན་མཐོ་ཁྲིམས་འདུན་ལུ་ གནང་ཆོགཔ་དང་ ཁྲིམས་འདུན་དེ་གིས་ བཀའ་ལུང་དེ་ སྙན་གསན་གྲུབ་ཞིནམ་ལས་ འབྲུག་རྒྱལ་པོ་མཆོག་ལུ་ བསམ་འཆར་ཕུལ་དགོ་ཟེར་ བཀོད་དེ་འདུག།
དོན་འགྲེལ་དེ་དང་འཁྲིལ་བ་ཅིན་ དེ་བཟུམ་མཛད་ནི་གི་ དབང་ཆ་དེ་ མི་དབང་མཆོག་ལུ་རྐྱངམ་གཅིག་ཡོདཔ་སྦེ་ བཀོད་དེ་ཡོདཔ་བཞིན་དུ་ ཚོགས་པའི་ངོ་ཚབ་ཀྱིས་འབད་བ་ཅིན་ གཞུང་གིས་ མངོན་མཐོ་ཁྲིམས་འདུན་ལས་ དེའི་སྐོར་ལས་ དོན་འགྲེལ་གནང་དགོཔ་སྦེ་ ཞུ་བ་འབད་བའི་སྐབས་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ གནད་དོན་དེ་གི་སྐོར་ལས་ ཚོགས་པ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཏེ་ཡོདཔ་ལས་ བཤེར་འཕྲོ་ཨིན་ཟེར་གསུངས་ཏེ་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ཚོགས་པ་གིས་ ཁྲིམས་འདུན་ལུ་ རྩོད་བཤེར་བཙུགས་ནི་གི་ ཁྲིམས་མཐུན་ཁྱབ་ཁོངས་མིན་འདུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་བའི་ལན་ལུ་ ཚོགས་པའི་ངོ་ཚབ་ཀྱིས་འབད་བ་ཅིན་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༣༡.༢ དང་འཁྲིལ་ ཁྱད་ཚད་ག་ར་ཚང་སྟེ་ཡོད་ཟེར་ཨིན་པས།
ད་ལྟོའི་གཞུང་གིས་ ཁྲལ་བསྒྱུར་བཅོས་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༤ པའི་ རྩ་དོན་༡ པའི་དགོངས་དོན་ལས་ འགལ་ཏེ་ཡོདཔ་ལས་ ཁྲིམས་མཐུན་མེད་པའི་སྐོར་ལས་ དྲི་བ་འབད་དགོཔ་ར་མེད་ཟེར་ ངོ་ཚབ་ཀྱིས་ ཞུ་ཡོདཔ་ད་ རྩ་ཚན་༡༤ པའི་ རྩ་དོན་༡ པའི་ནང་ ཁྲལ་འབབ་དང་ གླ་ཡོན་ བསྡུ་བླང་གི་ཆ་ཤས་གཞན་ཚུ་བཀལ་བ་ ཡང་ན་ སོར་བཅོས་ཚུ་ ཁྲིམས་ཐོག་མ་གཏོགས་ འབད་ནི་མེདཔ་ཨིན་པས།
གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་བྱིན་མི་དེ་གིས་ འབྲུག་མཉམ་རུབ་ཚོགས་པ་དང་ ཚོགས་པའི་འཐུས་མི་ཚུ་ལུ་ ག་དེ་སྦེ་ གནོད་འཚེ་འབད་ཡོདཔ་ཨིན་ན་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་མི་ལུ་ ཚོགས་པའི་ངོ་ཚབ་ཀྱིས་ མ་དངུལ་དེ་ཚུ་ དགོངས་ཡངས་མ་བྱིན་པར་ བཞག་པ་ཅིན་ གཞུང་གི་གསོག་འཇོག་ནང་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ལུས་ལུསཔ་འོང་ཟེར་ཞུ་ཡི།
མ་དངུལ་དེ་ཚུ་གིས་ གསོ་བ་དང་ ཤེས་རིག་ འཐུང་ཆུ་ལ་སོགས་པ་ མི་མང་ཞབས་ཏོག་གི་དོན་ལུ་ ལག་ལེན་འཐབ་ཚུགས་ཚུགསཔ་འོང་ཟེར་ ངོ་ཚབ་ཀྱིས་ ཞུ་བའི་ཁར་ ཁྲལ་དགོངས་ཡངས་དེ་གིས་ མི་རེ་གཉིས་ལུ་ ཕྱུགཔོ་བཟོ་ཡོད་རུང་ མང་ཤོས་ལུ་ ཁེ་ཕན་འབྱུང་མ་ཚུགས་ཟེར་ཞུ་ཡི།
དེ་མ་ཚད་ རྩ་ཁྲིམས་དང་མ་འཁྲིལ་བར་ ཁྲལ་དགོངས་ཡངས་བྱིན་མི་དེ་གིས་ གཞུང་གིས་ ནང་འཁོད་འོང་འབབ་ཀྱིས་ རྒྱུན་སྐྱོང་ཟད་འགྲོ་ལངམ་སྦེ་ བཏང་མི་ཚུགས་ཟེར་ཞུ་ཡི།
ཚོགས་པའི་ངོ་ཚབ་ཀྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ རྩོད་བཤེར་བཙུགས་མི་དེ་ཡང་ གནད་དོན་དེ་ ཁྲིམས་མཐུན་ཨིན་མིན་སྐོར་ ཁྲིམས་འདུན་ལས་ བཀའ་ཡིག་གནང་ཐབས་ལུ་ཨིན་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *